དོལ་རྒྱལ་བསྟེན་པའི་རིང་ངས་རྙིང་མའི་ཆོས་བྱེད་པ་དེ་བདེ་པོ་མ་བྱུང་།

དོལ་རྒྱལ་བསྟེན་དང་མི་བསྟེན་སོ་སོའི་འདོད་པ་རེད། བསྟེན་པ་ཡིན་ན་ངའི་ས་ནས་དབང་ཞུ་བ་དང་། སྡོམ་པ་ཞུ་རྒྱུ་དེ་འདྲ་བྱས་ན་དམ་ཚིག་ཉམས་ཀྱི་ཡོད་རེད། དམ་ཚིག་གཙང་མ་ཡོང་གི་ཡོད་མ་རེད། འདིར་མ་འདུག་རོགས་ཞེས་༧གོང་ས་མཆོག་གིས་དུས་དབང་ཐེངས་༣༣ པའི་ཆོས་ཞུ་བ་ཚོར་གསུངས་སོིང་།

photo4ཟླ་འདིའི་ཕྱི་ཚེས་༡༠ ཉིན་ཏེ་ཕྱི་ལོ་༢༠༡༤ ལོའི་དུས་དབང་ཐེངས་༣༣པའི་ཉིན་༨ པའི་ཉིན་གུང་ཆུ་ཚོད་༡༢ སྟེང་། ༧གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བའི་ནང་། ཆོས་ཞུ་བ་ཚོར་དཔལ་དུས་ཀྱི་འཁོར་ལོའི་སྟ་གོན་གྱི་ཆོས་འབྲེལ་གནང་སྐབས། འཛམ་གླིང་གི་ཆོས་ལུགས་ཁག་གི་ལྟ་གྲུབ་ངོ་སྤྲོད་དང་འབྲེལ་ནས་གསུང་དོན། “དེ་རིང་དུས་འཁོར་དབང་ཆེན་གསུང་སའི་གནས་དེ་ཡང་ཕ་མེས་ནས། ལོ་བརྒྱ་ཕྲག་མང་པོའི་རིང་སངས་རྒྱས་པའི་ཆོས་དར་སའི་ཡུལ་ཞིག་རེད། དེ་ནས་བོད་གངས་ཅན་གྱི་ལྗོངས་དང་འདབ་འབྲེལ་བའི་ས་ཁུལ་ཞིག་ཆགས་ཡོད་རེད། དེ་རིང་འདིར་འཛོམས་པའི་ཆོས་ཞུ་བ་ཚང་མས་དུས་ད་ནས་བཟུང་མི་བཟང་པོ་ཞིག་བྱ་དགོས་པ་རེད། བསམ་པ་བཟང་པོ་བྱ་དགོས་པ་རེད། ང་ཟེར་ནས་སོ་སོ་གཅིག་པུ་བསམ་བསྡད་པ་དེ་ཉུང་དུ་བཏང་། འཛམ་གླིང་འདིའི་ཐོག་གི་མི་གཙོ་བོར་གྱུར་པའི་སྲོག་ཆགས་སུ་དང་སུ་ཡིན་རུང་། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། དེ་བཞིན་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་གཅིག་གྱུར་གྱི་སྟེང་ནས། ཚང་མར་ཕན་འདོགས་ཐུབ་ན་ཕན་འདོགས་དགོས་པ་དང་། ཕན་འདོགས་མ་ཐུབ་ན་ཡང་གནོད་པ་མི་བྱེད་རྒྱུ་དེ་ཆོས་ལུགས་ཚང་མའི་བསླབ་བྱ་སྙིང་པོ་དེ་ཆགས་ཡོད་རེད། དེར་ཁྱེད་རང་ཚོ་ཚང་མས་དགོངས་པ་བཞེས་རོགས་”ཞེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་དུ་དབང་དང་སྡོམ་པ་ལེན་སྐབས་བླ་མ་དང་སློབ་མའི་བར་དམ་ཚིག་གཙང་མ་དགོས་སྐོར་གསུངས་དོན། “ཁ་སང་ཁར་ཉིན་ཀྱི་བཀའ་ཆོས་སྐབས་ངས་འགྲེལ་བཤད་རྒྱག་གི་ཡོད་རེད། ཡིན་གཅིག་མིན་གཅིག་བླ་མ་དང་སློབ་མའི་འདུ་ཤེས་དགོས་མ་རེད། ཡིན་ན་ཡང་དེ་རིང་དབང་གནང་རྒྱུ་དང་། སྡོམ་པ་ཞུ་རྒྱུ་ཡིན་དུས་བླ་མ་དང་སློབ་མའི་འདུ་ཤེས་ཀྱི་ཐོག་ནས་ཆོས་ཉན་བཤད་བྱེད་དགོས་ཀྱི་ཡོད་རེད། ཁྱེད་རང་ཚོས་ཀྱང་དགོས་པའི་དབང་གིས་བླ་མ་དུས་ཀྱི་འཁོར་ལོའི་དབྱེར་མི་ཤེས་པར་བརྟེན་ནས་དད་པ་བྱེད་དགོས་པ་དང་། ངའི་ངོས་ནས་ཆ་བཞག་ན་ཡང་གོང་དུ་བདག་བསྐྱེད་བྱས་པ་ལྟར་ཐ་མལ་པའི་སྣང་ཤེས་ཟད་ནས། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་བདག་པོ་ཚུལ་དུ་ཡོད་པར་བསམ་བློ་གཏོང་དགོས་ཀྱི་ཡོད་རེད། བླ་མ་དང་སློབ་མའི་འབྲེལ་བ་ཆགས་ཡོང་གི་ཡོད་རེད། དེར་བརྟེན་དམ་ཚིག་གཙང་མ་ཞིག་དགོས་ཀྱི་ཡོད་པར་བརྟེན། རྒྱལ་པོ་ཤུགས་ལྡན་ནམ་དོལ་རྒྱལ་སྔོན་མ་ངས་ཀྱང་བསྟེན་གྱི་ཡོད་རེད། ཕྱིས་སུ་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་དེ་དག་ལ་ཞིབ་འཇུག་གིས་དོ་སྣང་བྱས་ཡོང་དུས། ༧གོང་ས་ལྔ་པའི་སྐབས་ནས་དོལ་རྒྱལ་གྱི་གནས་ཚུལ་དེ་བྱུང་བ་རེད། ༧གོང་ས་ལྔ་པ་ཆེན་པོས་རྒྱལ་པོ་ཤུགས་ལྡན་དེ་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ། བསྟན་དང་འགྲོ་བར་འཚེ་བ་བྱེད་མཁན་གསུངས་ཡོད་རེད། དངོས་ཡོད་གནས་ཚུལ་ལ་ཡང་དོལ་རྒྱལ་བསྟེན་མཁན་དེ་ཚོས་གྲུབ་མཐའི་ཕྱོགས་ལྷོང་ཞེ་དྲག་བྱེད་བསྡད་པ་ཞིག་རེད། ས་སྐྱའི་ནང་དུ་ཡང་དོལ་རྒྱལ་བསྟེན་མཁན་ཡོད་རེད། དགེ་ལུགས་ཀྱི་ནང་དུ་ཡང་ཕྲན་བུ་ཕྲན་བུ་ཡོང་གི་ཡོད་རེད། དེར་བསྟེན་དགེ་ལུགས་པའི་དོལ་རྒྱལ་བསྟེན་མཁན་ཚོས་སོ་སོའི་ཤག་གི་ནང་། རྙིང་མའི་དཔེ་ཆ་ཞིག་བཞག་པ་ཡིན་ན། རྒྱལ་པོ་ཤུགས་ལྡན་གྱིས་གནོད་པ་སྐྱེལ་གྱི་རེད་ཟེར་གྱི་ཡོད་རེད། ང་རང་ལ་ཆ་བཞག་ན་སྔོན་མ་དོལ་རྒྱལ་བསྟེན་གྱི་ཡོད་རེད། དོལ་རྒྱལ་བསྟེན་པའི་རིང་ངས་རྙིང་མའི་ཆོས་བྱེད་པ་དེ་བདེ་པོ་མ་བྱུང་བ་རེད། དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱས་པའི་རྗེས་རྙིང་མ་དང་། བཀའ་རྒྱུད། ས་སྐྱ་བཅས་ཀྱི་ཆོས་ཞུས་པ་ཡིན། དངོས་གནས་ཆོས་ལུགས་རིས་མེད་བྱེད་ཐུབ་པའི་གོ་སྐབས་དེ་བྱུང་བ་རེད། དེར་བརྟེན་ཁྱེད་རང་ཚོ་དུས་འཁོར་དབང་ཆེན་ཞུ་མཁན་ཚོའི་ནང་། གལ་སྲིད་དོལ་རྒྱལ་བསྟེན་མཁན་དེ་འདྲ་ཡོད་ན་འདིེར་མ་འདུག་རོགས། ངས་དེ་ནམ་རྒྱུན་ཟེར་གྱི་ཡོད། དོལ་རྒྱལ་བསྟེན་དང་མི་བསྟེན་སོ་སོའི་འདོད་པ་རེད། བསྟེན་པ་ཡིན་ན་ངའི་ས་ནས་དབང་ཞུ་བ་དང་། སྡོམ་པ་ཞུ་རྒྱུ་དེ་འདྲ་བྱས་ནས་དམ་ཚིག་ཉམས་ཀྱི་ཡོད་རེད། ཡག་པོ་ཡོད་མ་རེད། ༧གོང་ས་ལྔ་པ་དང་བཅུ་གསུམ་པ་གཉིས་ཀྱིས་དམ་དྲག་ཆེན་པོ་གནང་བ་རེད། དེར་བརྟེན་དམ་ཚིག་གཙང་མ་ཡོང་གི་ཡོད་མ་རེད། མ་འདུག་རོགས་ཟེར་གྱི་ཡོད་”ཅེས་གསུངས་སོང་།

photo1མཐར་༧གོང་ས་མཆོག་གིས་ཆོས་ལུགས་མཐུན་འབྲེལ་དགོས་པ་གལ་ཆེན་ཡིན་སྐོར་གསུང་དོན། “ཆོས་ལུགས་རིས་མེད་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་འཛམ་གླིང་གི་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཀྱི་ཡོད་རེད། དེར་བརྟེན་ཆོས་ལུགས་ཚང་མར་གུས་ཞབས་དང་མཐུན་འབྲེལ་བྱེད་དགོས་པ་གལ་ཆེན་པོ་རེད། ང་རང་ཚོ་སངས་རྒྱས་པའི་ཆོས་པ་ནང་ཚགས་ཚོས་དེ་བས་ཀྱང་། ཕྱོགས་རིས་མི་བྱེད་པར་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་འཛིན་མཁན་ཚང་མ་སྟོན་པ་གཅིག་གི་དགེ་ཕྲུག་དང་། དེའི་ནང་ནས་ཀྱང་དཔལ་ཎལེནཌ་ནས་བརྒྱུད་པའི་ཆོས་བརྒྱུད་གཅིག་གྱུར་ཆགས་ཡོད་པར་བརྟེན། དགེ་ལུགས་ཟེར་བ་དང་། རྙིང་མ་ཟེར་བ། ས་སྐྱ་ཟེར་བ། བཀའ་བརྒྱུད་ཟེར་བ་འདྲ་བོ་དང་། བཀའ་རྒྱུད་ནང་གསེས་ལ་ཆ་བཞག་ན་ཡང་། འབྲི་གུང་པ་དང་། འབྲུག་པ་བཀའ་བརྒྱུད། ཀམ་ཚང་བཀའ་བརྒྱུད་ཟེར་བ་དེ་འདྲའི་དབྱེ་བ་ཕྱེས་པ་དེ་ཡག་པོ་ཡོད་མ་རེད། ཐུགས་མཐུན་ཁྲིམས་གཙང་དགོས་ཀྱི་ཡོད་རེད། དེ་ཡོང་བ་ལ་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་གཞུང་ལུགས་དེ་དག་ལ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། ས་དགེ་བཀའ་རྙིང་སུ་ཡིན་རུང་བླ་མ་ཚད་ལྡན་ཞིག་ཡིན་ན་དེའི་ས་ནས་ཆོས་ཞུ་བ་དང་། བྱིན་རླབས་ཞུ་བ་སོགས་བྱས་ན་ཆོས་ལུགས་མཐུན་འབྲེལ་དེས་ཡོང་གི་རེད། ཆོས་ལུགས་མཐུན་འབྲེལ་བྱེད་ཀྱི་ཡོད་ཟེར་ནས་འདྲ་ཆགས་པོར་བསྡད་ན་ཕན་ཐོགས་ཡོད་མ་རེད། མཐུན་འབྲེལ་ཟེར་བ་དེར་སེམས་གཏིང་ནས་ཡིད་ཆེས་དགོས་ཀྱི་ཡོད་རེད། ང་རང་ཚོས་དེ་སྔོན་བོད་ཀྱི་ལོ་རྒྱུས་ལ་ལྟོས་དང་། དགེ་ལུགས་དགོན་པ་དེ་འདྲས། རྙིང་མའི་དགོན་པ་དང་། བཀའ་བརྒྱུད་ཀྱི་དགོན་པ་དེ་འདྲར་ཐུབ་ཚོད་གཏོང་བ་དང་། ཡང་དུས་ཚོད་ཅིག་ལ་བཀའ་རྒྱུད་པས་དགེ་ལུགས་པར་ཐུབ་ཚོད་བྱས་ཏེ་སྨོན་ལམ་འཚོགས་མ་ཐུབ་པ་དེ་འདྲ་བྱུང་བ་རེད། དེ་ཚོས་ག་རེ་ཕན་ཐོགས་འདུག ཞབས་འདྲེན་ཞིག་དང་སྡིག་པ་བསག་པ་ཞིག་མ་གཏོགས་གང་ཡང་ཕན་ཐོགས་ཡོད་མ་རེད་”ཅེས་གསུངས་ཏེ་ཆོས་ལུགས་མཐུན་འབྲེལ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ཉིན་གཉིས་གསུམ་གྱི་སྔོན་ནས་ལ་དྭགས་སུ་ཉི་མ་དྲོད་ཆེན་པོ་ཤར་བ་དང་། གསུང་ཆོས་ཪ་བའི་སྡོད་གུར་རྒྱ་ཆུང་ཆུང་ཡིན་པ་དང་སྤུས་ཀ་ཞན་པོ་ཡིན་པ་སོགས་ལ་བརྟེན། གསུང་ཆོས་སྐབས་ཆོས་ཞུ་བ་ཚོས་གསུང་ཆོས་ར་བའི་ཕྱི་ནང་མེད་པར་ཞྭ་མོ་གྱོན་པ་དང་། ཉི་གདུགས་ཕུགས་དགོས་བྱུང་པ་སོགས་ཀྱི་གནས་སྟངས་ཡོང་གི་འདུག །
ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།

Share this:
༢༨༨ ཀློག་གྲངས།