དུས་དབང་སྐབས་ཚོང་ཡག་པོ་མི་འདུག

ད་ལོའི་དུས་དབང་སྐབས་ཟ་ཁང་དང་།ཚོང་ཁང་མང་པོ་འདུག་ལ། མི་མང་ཡར་མར་འགྲོ་སའི་ལམ་ཟུར་ཁག་ཏུ་མོག་མོག་དང་།ཤ་བག་ལེབ།ཨ་ལ་སོགས་ཟས་རིགས་སྣ་ཚོགས་བཙོང་མཁན་དང་། དེ་བཞིན་མི་རིགས་མི་འདྲ་བའི་ཚོང་པ་མང་པོས་སྣ་ཁ་མི་གཅིག་པའི་ཅ་དངོས་སྣ་ཚོགས་ཀྱི་ཐང་ཁྲོམ་བསྟན་འདུག

photo2ད་དུང་སློབ་གྲྭ་དང་། དགོན་པ། ཚོགས་པ་སོགས་ཀྱི་མིང་ཐོག་ནས་ཞལ་འདེབས་སློང་མཁན་དང་།གཞས་སྣ་འཁྲབ་སྟོན་བྱེད་མཁན་གྱི་རིགས་སོགས་མང་པོ་འདུག ཟླ་འདིའི་ཕྱི་ཚེས་༡༠ ཉིན་ཏེ་ཕྱི་ལོ་༢༠༡༤ ལོའི་དུས་དབང་ཐེངས་༣༣པའི་ཉིན་༨ པའི་ཞོགས་པར།གསར་འགོད་པས་ད་ལོའི་དུས་དབང་སྐབས་ཀྱི་ཟ་ཁང་བདག་པོ་དང་། ཚོང་རྒྱག་མཁན་ཁག་ཅིག་དང་མཉམ་ཁ་བརྡ་བྱས་ཏེ། དུས་དབང་སྐབས་ཀྱི་ཚོང་གི་གནས་སྟངས་ཐད་རྒྱུས་ལོན་བྱས་ཡོད། དྷ་ས་ནས་ཕེབས་པའི་ཟ་ཁང་བདག་པོ་དང་ཨ་ལ་བཙོང་མཁན་ལྷ་མོས། “སྤྱིར་བཏང་ཟ་ཁང་དང་ཚོང་ཁང་བདག་པོ་ཚོས་ཟ་ཁང་དང་ཚོང་ཁང་ལ་མ་རྩ་མང་པོ་བཏང་ཡོད་རེད།ཡིན་ན་ཡང་ད་ལོར་བོད་པ་མང་པོ་ཆོས་ཞུ་སར་ཡོང་ཐུབ་མེད་པར་བརྟེན། ཟ་ཁང་དང་ཚོང་ཁང་བདག་པོ་ཚོར་ཚོང་ཡོང་གི་མི་འདུགདེར་བརྟེན་མང་པོ་ཞིག་གིས་མ་རྩ་ཡོང་མིན་གྱི་ཐད་སེམས་འཚབ་བྱེད་ཀྱི་ཡོད་རེད། ཟ་ཁང་དང་ཚོང་ཁང་བདག་པོ་ཚོས་དེ་སྔོན་རྡོ་རྗེ་གདན་ལྟ་བུའི་ཚོང་མི་འདུག་ཟེར་གྱི་འདུག་ལ།དོན་དངོས་སུ་ཡང་དེ་འདྲ་རེད། ཕྱོགས་གཞན་ཞིག་ནས་ད་ལོར་ཟ་ཁང་དང་ཚོང་ཁང་འཛིན་མཁན་མང་པོ་རེད་འདུག ང་ཚོར་མཚོན་ན་ཟ་ཁང་རང་གིས་ཡོང་སྒོ་ཆེན་པོ་མི་འདུག་ཀྱང་ཨ་ལ་ཡག་པོ་འགྲོ་ཡི་འདུག ཉི་མ་རེར་ཧིན་སྒོར་སྟོང་དགུ་ཡར་མར་ཡོང་གི་འདུག ཨ་ལ་ཟ་མཁན་མང་པོ་འདུག་ལ། མི་ཁ་ཤས་ཀྱིས་ཉི་མ་གཅིག་གི་ནང་ཨ་ལ་སྡེར་མ་༧ ཟ་ཡི་འདུག  ཨ་ལ་བཙོང་མེད་ན་ཟ་ཁང་གིས་ཟ་ཁང་རང་གི་མ་རྩ་ཡང་སོད་ཀྱི་མི་འདུགགནས་སྟངས་འདི་ང་ཚོ་གཅིག་པུ་མ་རེད། ད་ལོའི་དུས་དབང་སྐབས་ཀྱི་ཟ་ཁང་དང་ཚོང་ཁང་བདག་པོ་མང་ཆེ་བའི་གནས་སྟངས་དེ་འདྲ་རེད། དེ་རིང་ནས་བཟུང་དུས་དབང་ཚར་རྒྱུར་ཉིན་ཁ་ཤས་མ་གཏོགས་ཡོད་མ་རེད། དེར་བརྟེན་ཉིན་ཤས་དེའི་ནང་དུ་ཡང་ཚོང་རྒྱ་ཆེན་པོ་ཞིག་ཡོང་གི་རེད་བསམ་གྱི་མེད་”ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཉིན་གཅིག་གི་ནང་མི་ཁ་ཤས་ཀྱིས་ཨ་ལ་སྡེར་མ་༧ དེ་འདྲ་ཟ་དགོས་པའི་རྒྱུ་མཚན་གང་རེད་ཅེས་དྲིས་པར། ཁོང་གིས་ཨ་ལ་ཞིམ་པོ་ཡོད་པའི་རྒྱུ་མཚན་གྱིས་རེད། མི་མང་པོ་ཞིག་གིས་ལ་དྭགས་ལ་ངའི་ཨ་ལ་ཞིམ་ཤོས་རེད་འདུག་ཟེར་གྱི་འདུག་ཅེས་བརྗོད་བྱུང་།

photo3དེ་བཞིན་རྡོ་རྗེ་གདན་ནས་ཕེབས་པའི་རྒྱ་གར་བའི་ཚོང་པ་ཞིག་གིས། “ད་རེས་འདིར་ཚོང་རྒྱག་སར་མ་ཡོང་ན་ཏག་ཏག་ཡིན། འདིར་ཁྲོམ་ས་ལ་འགྲོ་སོང་མང་པོ་སྤྲད་ཡོད་རེད། དེ་བཞིན་ཅ་ལག་མང་པོ་ཁྱེར་ཡོད་པར་བརྟེན་ལམ་བར་ནས་འགྲོ་སོང་མང་པོ་རེད། ད་རེས་མི་མང་པོ་འཛོམས་ཀྱི་ཡོད་པར་བརྟེན་ཚོང་ཡག་པོ་ཡོད་རྒྱུ་རེད་བསམ་སོང་། ཡིན་ན་ཡང་ཉིན་ཁ་ཤས་ཀྱི་རིང་ཚོང་ཡག་པོ་ཁྱོན་ནས་བྱུང་མ་སོང་། འདིར་མ་ཡོང་ནས་རྡོ་རྗེ་གདན་དུ་བསྡད་ཡོད་ན་ཚོང་ཡག་པོ་ཡོད་རེད། མི་མང་པོ་འཛོམས་ཀྱི་ཡོད་མེད་མ་ལྟོས་པར་རྡོ་རྗེ་གདན་དུ་དུས་རྒྱུན་ཚོང་ཡག་པོ་ཡོད་རེད། འདིར་འགྲོ་སོང་ཡང་རག་ས་མ་རེད་ཅེས་”བརྗོད་བྱུང་།

སྤྱིར་བཏང་ད་ལོའི་དུས་དབང་སྐབས་རྡོ་རྗེ་གདན་དང་། བལ་ཡུལ། ཨ་སམ། དྷ་ས་སོགས་ནས་ཡོང་བའི་ཚོང་པ་མང་པོ་ཞིག་གིས་ཚོང་རྫས་འདྲ་མིན་ཞིག་ཁྱེར་འདུག་ལ། དེ་དག་ལས་ཚོང་པ་མང་ཆེ་བར་ཡོད་པའི་ཚོང་རྫས་མང་ཆེ་བ་ཞིག མཆོད་རྫས་དང་། རྒྱ་གར་རྡོ་རྗེ་གདན་དང་བལ་ཡུལ་ནས་ཐོན་པའི་བྷོ་དྷུའི་ཕྲེང་བ་རེད་འདུག །
ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།

Share this:
༡༩ ཀློག་གྲངས།