རྡ་ས་ཤར་རྩེ་ཁང་གསར་དུ་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་ཡང་སྤྱི་ལོ་༢༠༡༤ ཟླ་བ་ ༧ ཚེས་ ༦ ནི་རང་ཅག་རྣམས་ཀྱི་འདྲེན་མཆོག་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་དང་། ཕྱི་ལུགས་ལྟར་དགུང་གྲངས་དོན་དགུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཞིག་ཡིན། ཉིན་འདི་ནི་རང་ཅག་ཁ་བ་རི་པ་རྣམས་ཀྱི་མགོན་སྐྱབས་བླ་ན་མེད་པ་ཞིག་འཇིག་རྟེན་འདིར་བྱོན་པའི་དུས་དང་། སྟོན་པ་ཐུབ་པའི་དབང་པོའི་རིང་ལུགས་དྲི་མ་མེད་པ་འཛམ་གླིང་ཡུལ་གྲུ་ཀུན་ལ་སྤེལ་བའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཞིག་འཇིག་རྟེན་འདིར་ཕེབས་པའི་དུས་དང་། གནའ་དེང་གི་རིག་གཞུང་ཟུང་དུ་འབྲེལ་བའི་སྒོ་ནས་བླངས་དོར་གྱི་ལམ་མ་ནོར་བ་སྟོན་པའི་འགྲོ་བའི་དེད་དཔོན་ཆེན་པོ་ཞིག་འཇིག་རྟེན་འདིར་བྱོན་པའི་དུས་དང་།
shartse_monkརིས་སུ་མ་མཆིས་པའི་ཆོས་ལུགས་རྣམས་ལ་མཐུན་འབྲེལ་གྱི་སྒོ་མོ་འབྱེད་པའི་དོན་དམ་པའི་དགེ་སྦྱོང་ཆེན་པོ་ཞིག་འཇིག་རྟེན་འདིར་བྱོན་པའི་དུས་དང་། མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་འཛམ་གླིང་གི་སྐྱེ་བོ་ཡོངས་རྫོགས་ཞི་བདེའི་ལམ་མཆོག་ལ་འཁྲིད་པའི་སེམས་པ་ཆེན་པོ་ཞིག་འཇིག་རྟེན་འདིར་བྱོན་པའི་སྐབས་ཡིན་པས་དུས་ཚེས་ཁྱད་པར་ཅན་འདི་ལ་འཛམ་གླིང་གི་སྐྱེ་བོ་སྤྱི་དང་། ལྷག་པར་དུ་མགོན་པོ་གང་གི་གདུལ་ཞིང་ཁྱད་པར་ཅན་ཁ་བའི་ལྗོངས་སམ་བོད་ཆོས་ལྡན་གྱི་ཞིང་དུ་སྐྱེས་བའི་མགོ་ནག་བོད་པ་ཡོངས་ཀྱིས་སྲུང་བརྩི་ཞུ་དགོས་པ་ནི་སྐབས་སུ་བབས་པ་ཡིན་ལ་དོན་དང་ལྡན་པ་ཞིག་ཀྱང་ཡིན།
དེར་བརྟེན་མགོན་པོ་མཆོག་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་ཅིང་དམ་ཚིག་གཡོ་བ་མེད་པ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཡན་ལག རྡ་ས་ཤར་རྩེ་ཁང་གསར་གྱི་ཕྱག་མཛོད་ལགས་དང་འདུས་མང་ཡོངས་ནས་དུས་ཆེན་ཁྱད་པར་ཅན་འདི་ལ། མགོན་པོ་མཆོག་གི་ཞབས་པད་བསྐལ་བ་བརྒྱ་མཚོར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། རང་ཅག་རྣམས་ཀྱང་ཞིང་དམ་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་ཏེ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་བའི་ཆེད།
རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་འབུལ་གཤམ་དང་འབྲེལ་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་ལ་ཕྱག་མཆོད་ཐུགས་དམ་སྐུལ་བའི་ཆོ་ག་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་གྲངས་གསོག་བཅས་ཞུས་ཡོད། ཞབས་བརྟན་རྣམས་ལེགས་པར་གྲུབ་མཚམས་སྤྱི་ལུགས་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས་བཞིན་ཕྱག་མཛོད་ཀརྨ་ཚེ་བརྟན་ལགས་དང་མཁན་སྤྲུལ་བསྟན་འཛིན་ཆོས་འཕེལ་ལགས་རྣམ་པ་གཉིས་དབུ་བཞུགས་ཐོགས་འཁྲུངས་སྐར་གྱི་མཛད་སྒོ་འཚོགས་ནས་གསོལ་ཇ་དང་འབྲས་སིལ། དེ་བཞིན་མངར་ཟས་བགོ་འགྲེམས་ཞུས་པ་སོགས་གནང་ནས་དགའ་དགའ་སྤྲོ་སྤྲོའི་ངང་མཛད་རིམ་རྣམས་ལེགས་པར་གྲུབ་པའོ།།

བསླུ་མེད་ཐུགས་རྗེའི་གཏེར་ཆེན་འཇིག་རྟེན་མགོན།།

མ་ནོར་ལམ་མཆོག་སྟོན་པའི་བཤེས་གཉེན་མཆོག།

བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱས་ནས།།

ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཤོག།

དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཡན་ལག་རྡ་ས་ཕྱག་མཛོད་ཁང་ནས།

Share this:
༥༦ ཀློག་གྲངས།