སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞུང་འབྲེལ་བརྟན་བཞུགས་བསྟར་འབུལ་རྒྱས་པ་ཞུ་རྒྱུའི་གསལ་བསྒྲགས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཆར་ལོར་དགུང་གྲངས་ ༨༠ ཐམ་པ་ཕེབས་བཞེས་ཀྱི་གྱ་སྟོན་མཛད་སྒོའི་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན། བོད་ལུགས་འཁྲུངས་ཚེས་བོད་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ནས་མགོན་པོ་མཆོག་ལ་གཞུང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་འཐུས་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུས་དོན་བཀའ་བཞེས་བཟང་པོ་སྨིན་སྩལ་བྱུང་བ་བཞིན། ༸རྒྱལ་བསྟན་མི་ནུབ་ཡུན་དུ་གནས་པ་སྤྱི་དང་། ལྷག་པར་བསྟན་པ་དེ་འཛིན་གྱི་གཙུག་རྒྱན་མགོན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་མཛད་པ་འཕྲིན་ལས་ཀྱི་བཀའ་དྲིན་རྗེས་དྲན།
དེ་བཞིན་བོད་གངས་ཅན་པའི་སྐྱེ་འགྲོ་ཡོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་རླབས་པོ་ཆེ་གསོག་པའི་དམིགས་ཡུལ་དུ་དགོངས་ཏེ་གཞུང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཐུགས་གཏན་འཁེལ་ཞིང་། དེ་ཡང་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་མི་རེ་རེ་ནས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་དངུལ་སྒོར་ ༣།༠༠ (གསུམ་) རེ་དང། གཞན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་མི་རེ་རེ་ནས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་དངུལ་སྒོར་ ༣།༠༠ (གསུམ་) རེ་བཅས་འབུལ་རྒྱུ་རྒྱས་བཅད་དང། ཕྱོགས་མཚུངས་དེའི་ཐོག་དྭང་བླངས་བློས་བཅད་ཞལ་འདེབས་འབུལ་བློ་ཡོད་རིགས་ནས་ཀྱང་གང་ཐུབ་འབུལ་ཐབས་གྱུར་ཚེ་གནང་སྐྱོང་ཡོང་བའི་དགེ་སྐུལ་ཞུ་རྒྱུ་ལགས་ན། ཞལ་འདེབས་རྣམས་སོ་སོའི་གནས་ཡུལ་ས་གནས་འགོ་འཛིན་ལས་ཁུངས་དང། འབྲེལ་ཆགས་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༨ འགྱངས་མེད་འདི་གའི་ལས་ཁུངས་སུ་གནང་འབྱོར་ཐུབ་ཐབས་ཡོང་བ་དེ་དོན་དགོངས་འཇགས་ཞུ།

ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༤ ལ།།

Share this:
༥༡ ཀློག་གྲངས།