ལ་དྭགས་མི་མང་བརྒྱ་ཆ་༨༠ཨ་རིར་གཏོང་རོགས་ཞེས་འབོད་སྐུལ་ཞུས་སོང་།

རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་དོན་རྒྱབ་སྐྱོར་བྱེད་དགོས་དོན་དེ། ༧གོང་ས་མཆོག་གི་བཀའ་དྲིན་དང་། དེ་བཞིན་བོད་མི་རིགས་དེ་བཟང་སྤྱོད་དང་ལྡན་པ་དང་། དཀའ་ལས་རྒྱག་མཁན་གྱི་མི་རིགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར། སྲིད་སྐྱོང་བློ་བཟང་སེང་གེས་ལ་དྭགས་མི་མང་ཚོར་གསུངས་སོང་།

losang2༧གོང་ས་མཆོག་གིས་ལ་དྭགས་སུ་དུས་དབང་ཐེངས་༣༣པ་གནང་བཞིན་པའི་སྐབས་དང་བསྟུན་ཏེ། ཟླ་འདིའི་ཕྱི་ཚེས་༡༡ཉིན་གྱི་དགོང་དྲོའི་ཆུ་ཚོད་༦།༣༠ཀྱི་སྟེང་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་སྤྱི་ལེ་༧གྱི་སར་ཡོད་པའི།བོད་མི་གཞིས་སྒར་བསོད་ནམས་གླིང་གཞིས་ཆགས་ཀྱི་ཚོགས་ཁང་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས།ལ་དྭགས་གླེ་བྱང་གཉིས་ཀྱི་མི་མང་ཚོར་གཏམ་བཤད་ཅིག་གནང་སོང་ལ། དེར་ས་གནས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས།གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལྷན་ཁང་ཁག་གི་ཚོགས་གཙོ་དང་འགན་འཛིན། དེ་བཞིན་ལ་དྭགས་གླེ་བྱང་གཉིས་ཀྱི་འགོ་དཔོན་དང་། བརྒྱ་དཔོན། མི་མང་སོགས་མཉམ་ཞུགས་བྱས་འདུགམཛད་སྒོའི་ཐོག་མར་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་འགོ་དོན་གྲུབ་བཀྲ་ཤིས་ཀྱིས་འཚམས་འདྲིའི་གསུང་བཤད་གྲུབ་མཚམས།

སྲིད་སྐྱོང་བློ་བཟང་སེང་གེས་མི་མང་ལ་གསུང་བཤད་གནང་སྐབས།ལོ་འདིའི་ཕྱི་ཟླ་བདུན་པ་དང་བརྒྱད་པའི་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་ལས་གཞི་ཞིག་སྤེལ་རྒྱུ་ཡིན་སྐོར་དང་འབྲེལ།བཀའ་བློན་དང་དྲུང་ཆེ་རྣམ་པ་ཕྱོགས་མཐའ་ཁག་ལ་སྐོར་བསྐྱོད་དུ་ཕེབས་ཀྱི་ཡོད་སྐོར་དང་།དཔལ་འབྱོར་བཀའ་བློན་ལ་དྭགས་གླེ་བྱང་གཉིས་ཀར་ཕེབས་གཏན་ཁེལ་ཡོད་སྐོར།དེ་བཞིན་ལོ་འདིའི་འཁྲུངས་སྐར་སྐབས་བཀའ་ཤག་གི་གསུང་འཕྲིན་ནང་།ཕྱི་ལོ་༢༠༡༤ལོ་དེ་བཀའ་ཤག་སྐབས་བཞི་པའི་ཐོག་ནས།༧གོང་ས་སྐུ་ཕྲེང་བཅུ་བཞི་པར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་བྱ་རྒྱུུའི་གསལ་བསྒྲགས་བྱས་ཡོད་པ་ལྟར།གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཚང་མས་ལོ་འདིར་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་ལས་འགུལ་སྤེལ་གྱི་ཡོད་སྐོར་སོགས་གསུངས་སོང་།

losang1ཡང་ཁོང་གིས་བཀའ་ཤག་གིས་དེ་སྔོན་ནས་ཤེས་ཡོན་གལ་ཆེན་པོ་ཡིན་ཞེས་བཤད་ཡོད་པ་ལྟར། ཤེས་ཡོན་ཐོག་ཤུགས་སྣོན་བརྒྱབ་སྟེ་ད་ལྟའི་ཆར་གྲུབ་འགྲུས་གང་འཚམས་ཐོན་ཡོད་སྐོར་དང་། ལོ་སྔོན་མ་ཚོ་དང་བསྡུར་ན་ད་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡག་ཏུ་སོང་ཡོད་སྐོར། དེ་བཞིན་ལོ་བཅུའི་སྔོན་ཏེ་ཕྱི་ལོ་༢༠༠༥ལོར་སློབ་ཕྲུག་༡༣༡ ལ་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་ཕུལ་ཡོད་པ་དང་། ད་ལོར་སློབ་ཕྲུག་༥༠༧ལ་སློབ་ཡོན་ཕུལ་ཐུབ་པ་བྱུང་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་དབུ་མའི་ལམ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་སྐོར་དང་འབྲེལ་ནས་གསུང་དོན། “བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དེ་དབུ་མའི་ལམ་རེད།དབུ་མའི་ལམ་དེ་༡༩༧༤ལོར་༧གོང་ས་མཆོག་གཙོས་པས་གནད་ཡོད་སྣ་མང་པོ་ཞིག་གིས་གོ་བསྡུར་བྱས་ཏེ། མཐའ་མ་དེར་རྒྱ་དང་བོད་གཉིས་ཀར་ཕན་ཐོགས་ཡོད་པའི་སྲིད་ཇུས་དེ་གཏན་འབེབས་བྱས་བཞག་པ་ཞིག་རེད། ཕྱིས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནང་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་པའི་སྲིད་ཇུས་ཤིག་ཆགས་ཡོད་པ་རེད་”ཅེས་གསུངས་ཏེ།ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གང་མགྱོགས་སེལ་ཆེད་གཉིས་ཕན་དབུ་མའི་ལམ་ལས་ཡག་པའི་སྲིད་ཇུས་ཤིག་མེད་སྐོར་དང་། དེ་བཞིན་ཨ་རི་གཙོས་པས་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཀྱང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

མཐར་ཁོང་གིས་དེང་སང་༧གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་སྐབས། དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་ཧ་ཅང་གི་ཐབས་སྐྱོ་བའི་གནས་ཚུལ་ཞིག་ཆགས་ཡོད་སྐོར་གསུངས་ཏེ། གནད་དོན་དེར་བཀའ་ཤག་གི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་གནད་དོན་དེ་ཚོའི་ཐོག་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

དེ་བཞིན་རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་དོན་རྒྱབ་སྐྱོར་བྱེད་དགོས་དོན་དེ། ༧གོང་ས་མཆོག་གི་བཀའ་དྲིན་དང་།བོད་མི་རིགས་དེ་བཟང་སྤྱོད་དང་ལྡན་པ་དང་དཀའ་ལས་རྒྱག་མཁན་གྱི་མི་རིགས་ཤིག་རེད་ཅེས་འབྲེལ་ཡོད་གྱིས་གསུངས་མྱོང་ཡོད་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་གིས་གསུང་བཤད་གནང་ཚར་རྗེས་མི་མང་དང་ལྷན་དྲི་བ་དྲིས་ལན་གནང་སྐབས།དྲི་བ་གཏོང་མཁན་ཞིག་གིས་ཨ་རིར་བོད་མི་༥༠༠༠ གཏོང་རྒྱུའི་ལས་གཞི་ཞིག་ཡོད་པ་གོ་སོང་།གལ་ཏེ་བོད་མི་༥༠༠༠ཨ་རིར་གཏོང་རྒྱུའི་གོ་སྐབས་བྱུང་ན། ལ་དྭགས་བསོད་ནམས་གླིང་གཞི་ཆགས་ཀྱི་གནས་སྟངས་སྐྱོ་པོ་ཡིན་པས།བསོད་ནམས་གླིང་གཞིས་ཆགས་ཀྱི་བོད་མི་བརྒྱ་ཆ་བརྒྱད་ཅུ་ཐམ་པ་དེའི་ཁོངས་སུ་གཏོང་རོགས་ཞེས་འབོད་སྐུལ་གནང་སོང་།

སྐབས་དེར་སྲིད་སྐྱོང་གིས་ལས་གཞི་དེ་ཨ་རིའི་ནང་ཁྲིམས་མཐུན་མིན་པའི་མི་གྲངས་ས་ཡ་༡༡ ཡོད་པ་དེ་ཁྲིམས་མཐུན་བཟོ་དགོས་པའི་གྲོས་ཆོད་ཅིག་དང་མཉམ།ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱས་ཡོད་ན་ཡང་། གྲོས་ཚོགས་འོག་མའི་ནང་གོང་གི་གྲོས་ཆོད་དེ་གཏན་འབེབས་མ་ཐུབ་པར་ལུས་ཡོད་པར་བརྟེན། བོད་མི་༥༠༠༠ཨ་རིར་ལེན་རྒྱུའི་ལས་གཞི་ཡང་དེ་དང་མཉམ་འགག་ཡོད་པས།ད་དུང་ལས་གཞི་དེ་ལག་བསྟར་ཡོང་མིན་བཤད་ཁག་པོ་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཐེངས་འདིར་སྲིད་སྐྱོང་ལ་དྭགས་སུ་ཕེབས་ཐེངས་བཞི་པ་དེ་ཆགས་ཡོད་པ་རེད།

ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།

Share this:
༡༦༨ ཀློག་གྲངས།