མདོ་སྨད་ལོ་རྒྱུས་ཆེན་མོ།

མདོ་སྨད་ལོ་རྒྱུས་ཀྱི་གཞུང་ཤིང་ཨ་མ་ལྟ་བུ་ཡིན་ལ། དེ་ལ་གཞུང་དངོས་གཞི་ཤོག་ངོས་༧༥༠ ལྷག་ཡོད་ཅིང། བོད་ཀྱི་ཡུལ་འདིར་འགྲོ་བ་མི་བྱུང་བ་ནས་ཕྱི་ལོ་༡༩༥༨ བར་གྱི་རྒྱལ་རབས་རེ་རེ་དང། སྲིད་གཞུང་རེ་རེའི་སྐབས་ཀྱི་བོད་སྤྱིའི་གནས་བབ། སྐབས་དེ་དག་ཏུ་མདོ་སྨད་ཀྱི་གནས་བབ་ཇི་འདྲ་ཡིན་པའི་སྐོར་འཁོད་ཡོད་པ་རེད།
གླེགས་བམ་གཉིས་པ་ནི། ལྷོ་རྒྱལ་མོ་ཚ་བ་རོང་ནས། རྔ་པ་སྟོད་སྨད། མཛོད་དགེ་ཤོག་པ་བཅུ་གཉིས། མགོ་ལོག་ཁག་གསུམ། དབལ་ཤུལ་གསེར་རྟ། དབལ་ཤུལ་རྨེ་བ། ཟངས་དཀར་ཁག་གསུམ། ཟུང་ཆུ། འབྲུག་ཆུ། ཅོ་ནེ། བ་ཙེ། ཐེ་བོ། སོགས་ཕྱོགས་གཅིག་ཏུ་བསྡོམས་ཏེ་གླེགས་བམ་གཅིག་བཟོས་པ་ལ་ཤོག་ངོས་༦༣༠ ལྷག་ཡོད་པ་རེད།
གླེགས་བམ་གསུམ་པ་ནི། ད་ལྟའི་བླ་བྲང་བསང་ཆུ་རྫོང་ཁོངས་ཀྱི་ཡུལ་སྡེ་ཁག་དང། ཀླུ་ཆུ་རྫོང། རྨ་ཆུ་རྫོང། སོག་པོ་ཡུལ་རྒན་རྫོང་བཅས་ཀྱི་མངའ་ཁོངས་སུ་ཡོད་པའི་སྡེ་ཚོ་དག་གི་ལོ་རྒྱུས་ཡིན་ལ། དེ་དག་ཡོངས་རྫོགས་བསྡོམས་པས་ཤོག་ངོས་༦༩༠ ལྷག་ཡོད་པ་རེད།    གླེགས་བམ་བཞི་པ་ནི། རེབ་གོང་ནས་བཟུང་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་བོད་སྡེ་ཁག་དང། དཔའ་རིས་བཅས་ཀྱི་བོད་སྡེ་ཁག་གི་ལོ་རྒྱུས་ཡིན་ལ། དེ་དག་བསྡོམས་པས་ཤོག་ངོས་༦༣༠ ལྷག་ཡོད་པ་དང། གླེགས་བམ་དེ་གསུམ་ནི། མདོ་སྨད་ཀྱི་ས་གནས་ལོ་རྒྱུས་སམ་ཡུལ་ལུང་བྱེ་བྲག་པ་དག་གི་ལོ་རྒྱུས་ཡིན་ལ། འདི་དག་ཏུ་ལྷོ་རྒྱལ་རོང་ནས་བྱང་མཚོ་སྔོན་དང། ཤར་ཀ་ཆུ་ནས་ནུབ་མགོ་ལོག་གི་བར་གྱི་རྫོང་ཁག་༥༣ དང། དེ་དག་ཏུ་མ་ཚུད་པའི་ས་ཁུལ་དུ་མ་བཅས་སུ་གནས་སྡོད་བྱེད་པའི་སྡེ་ཚོ་རྣམས་ཀྱི་ལོ་རྒྱུས་འཁོད་ཡོད་པ་རེད།
གླེགས་བམ་ལྔ་པ་ནི། མདོ་སྨད་ཀྱི་ལྗོངས་སུ་ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་ཀྱི་དགོན་སྡེ་དང། རི་ཁྲོད། སྔགས་ཁང་སོགས་ལག་ཏུ་གང་ཆུད་ཕྱོགས་བསྒྲིགས་བྱས་ཡོད་ཅིང། འདི་ལ་གཞུང་དངོས་གཞི་ཤོག་ངོས་༩༨༠ ལྷག་ཡོད། འདིའི་ནང་དུ་དགོན་སྡེ་དེ་དག་གི་བཏབ་ལོ་དང། འདེབས་མཁན། བཏབ་ཡུལ། ཆོས་བརྒྱུད་བཅས་གང་ངེས་གསལ་འབྲི་དང། ཟུར་བརྗོད་ཀྱི་ལམ་ནས་དགོན་སྡེ་དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ཁག་བྲིས་ཡོད་པ་རེད།
གླེགས་བམ་དྲུག་པ་ནི། ཡུལ་མདོ་སྨད་ཀྱི་ལྗོངས་སུ་བྱོན་པའི་མཁས་གྲུབ་སྐྱེས་ཆེན་ཁག་གི་མཛད་རྣམ་ལག་ཏུ་གང་ཆུད་ལས། ལོ་རྒྱུས་མི་སྣ་དེ་དག་གི་འཁྲུངས་ལོ་སྔ་ཕྱི་ལྟར་བསྒྲིགས་ཡོད་ཅིང། ཁོང་རྣམས་ཀྱི་མཚན་དང། འཁྲུངས་ཡུལ། འཁྲུངས་ལོ། འདས་ལོ། ཆོས་བརྒྱུད་བཅས་ལག་ཏུ་གང་ཆུད་གསལ་འགོད་བྱས་ཡོད་ཅིང། ཟུར་བརྗོད་ཀྱི་ལམ་ནས་ཁོང་རྣམས་ཀྱི་མཛད་རྣམ་མདོར་བསྡུས་རེ་བཀོད་ཡོད་པ་དང། འདི་ལ་གཞུང་དངོས་གཞི་ཤོག་ངོས་༧༢༣ ཡོད་པ་བཅས་རྩོམ་པ་པོའི་མདོ་སྨད་ལོ་རྒྱུས་ཆེན་མོའི་བྱུང་རིམ་གྱི་ནང་དུ་འཁོད་ཡོད་པ་རེད།།

Share this:
༡༢༩ ཀློག་གྲངས།