རྒྱ་གཞུང་གིས་གསེར་རྟ་རྫོང་གི་དགེ་འདུན་པ་ཞིག་འཇུ་བཟུང་།

བོད་ནས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བ་ལྟར་ན། ཟླ་འདིའི་ཚེས་༩ ཉིན་ཁམས་དཀར་མཛེས་ཁུལ་གསེར་རྟ་རྫོང་། རྟ་ཤུལ་སྡེ་པའི་དགེ་འདུན་པ་ཤེར་སྐྱབས་ཀྱིས་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ། བོད་དོན་སྐད་འབོད་དང་ཡིག་ཆ་གཏོར་འགྲེམས་བྱས་པར་བརྟེན། ཁོང་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

གྲྭ་ཤེར་སྐྱབས།
གྲྭ་ཤེར་སྐྱབས།

དེ་ཡང་ཕྱི་ཟླ་༧ ཚེས་༩ ཉིན་གྱི་ཆུ་ཚོད་༡༢ ཙམ་ལ་གསེར་རྟ་རྫོང་གི་ཁྲོམས་གཞུང་དུ་དགེ་འདུན་པ་ཤེར་སྐྱབས་ཀྱིས་༧གོང་ས་མཆོག་བོད་ལ་ཕེབས་དུ་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་བྱེད་ཞོར་ཁྲོམས་གཞུང་དུ་ཡིག་ཆ་གཏོར་འགྲེམས་བྱས་རྗེས། དུས་ཡུན་སྐར་མ་ལྔ་དྲུག་ཙམ་གྱི་རྗེས་སུ་རྒྱ་གཞུང་གི་ས་གནས་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ནས་ཁོང་འཛིན་བཟུང་བྱས་ཏེ་གསེར་རྟ་རྫོང་གི་ཉེན་རྟོག་ལས་ཁུངས་སུ་བཙན་ཁྲིད་བྱས་ཡོད་འདུག
དེའི་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་གྱི་མེད་པ་མ་ཟད། ད་ལྟ་གསེར་རྟ་རྫོང་ཁོངས་ཀྱི་དྲ་རྒྱའི་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་འདུག

དགེ་འདུན་པ་ཤེར་སྐྱབས་ད་ལྟ་རང་ལོ་༢༠ ཡིན་པ་དང་། ཁམས་གསེར་རྟ་རྫོང་། གནུབ་གཟུར་དགོན་པའི་གྲྭ་པ་ཡིན་འདུག དེང་སྐབས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་བཞིན་ཡོད་ལ། ཁོང་ནི་འཛིན་གྲྭའི་ནང་སློབ་གཉེར་བ་རྩེར་སོན་གྱི་གྲས་ཤིག་ཡིན་འདུག

ཁོང་གི་ཕ་མིང་ལ་སྐྱ་རིས་དང་ཨ་མའི་མིང་ལ་ཚེ་ལྷ་ཟེར་གྱི་ཡོད་པ་དང་། ཁོང་ལ་ཕ་མ་གཅིག་པའི་མིང་སྲང་སྤུན་ལྔ་ཡོད་པའི་ནང་ནས་དགེ་འདུན་པ་ཤེར་སྐྱབས་ཆེ་ཤོས་ཡིན་པ་རེད་འདུག

ཁོང་གི་དགོན་པ་གནུབ་གཟུར་དབང་ཤུལ་དགོན་ནི་གསེར་རྟ་རྫོང་དང་རྒྱང་ཐག་སྤྱི་ལེ་སུམ་ཅུ་ཙམ་གྱི་སར་ཡོད་པ་དང་། དགོན་པ་དེར་སྤྱིར་བཏང་དགེ་འདུན་པ་ལྔ་བརྒྱ་ཙམ་ཡོད་ནའང་དེང་སྐབས་ས་ཁུལ་དང་ཆོས་སྡེ་གཞན་པར་སློབ་གཉེར་ལ་ཕྱིན་ནས། ནམ་རྒྱུན་དགོན་པའི་ནང་གཏན་སྡོད་དགེ་འདུན་པ་༡༠༠ ལྷག་ཡོད་འདུག །
ལྷོ་ཕྱོགས་གསར་འགོད་པས།

Share this:
༡༣༩ ཀློག་གྲངས།