དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་ཚོགས་ཆེན་ཐོག་བོད་དོན་གླེང་རོགས།

སྦི་ར་ཛེལ། ར་ཤི་ཡ། རྒྱ་གར། རྒྱ་ནག ལྷོ་ཨ་ཧྥི་རི་ཀ་བཅས་ཀྱི་འགོ་ཁྲིད་ཚོའི་གཙོ་བོ་དཔལ་འབྱོར་ཡར་རྒྱས་སྐོར་གྱི་ཚོགས་ཆེན་དེ་ཕྱི་ཟླ་༧ ཚེས་༡༥ ནས་༡༦ བར་སྦི་ར་ཛིལ་དུ་འཚོག་གི་ཡོད་པས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས། རྒྱལ་ཁབ་བཞིའི་དབུ་ཁྲིད་ཚོས་ཧུའུ་ཅིན་ཐའོ་མཉམ་པོར་བོད་དོན་གླེང་སློང་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད་པ་རེད།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ།
བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ།

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་གྱི་སྔ་དྲོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱིས་དྷ་སར་གསལ་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། སྐབས་དེར་ སྦི་ར་ཛེལ་སྲིད་འཛིན་རོས་སོ་སྤུ་མཆོག་དང་། ཨུ་རུ་སིའི་སྲིད་འཛིན་པོས་ཊིན། རྒྱ་གར་སྲིད་བློན་མོ་དྷི། ལྷོ་ཨ་ཕི་རི་གའི་སྲིད་འཛིན་ཛུ་མ་བཅས་ཀྱི་མཚན་ཐོག་ཏུ་སྙན་ཞུ་ཞིག་ཕུལ་ཡོད་སྐོར་བསྒྲགས་སོང་། རྒྱལ་ཁབ་ལྔ་དེ་ནི་ (BRICS) ད་ལྟ་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔ་རུ་བརྩི་ཡི་ཡོད་པ་རེད།

ཚོགས་པ་ཁག་གི་སྙན་ཞུའི་ནང་“རྒྱལ་ཁབ་ལྔའི་ཚོགས་འདུའི་གོ་སྐབས་འདི་རྒྱུད་ནས་རྣམ་པ་ལྷན་རྒྱས་ལ་བོད་ཀྱི་གནད་དོན་འདི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་ངེས་པར་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱི་ལོ་༢༠༠༩ ནས་ད་བར་བོད་ནང་གི་བོད་མི་༡༣༡ གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་ཇུས་ངོ་རྒོལ་བྱས་ཡོད་ཅིང་། དེའི་ཁྲོད་བོད་མི་༡༠༠ལྷག་གིས་རང་སྲོག་ཤོར་སྟབས་ད་ལྟའི་བོད་ཀྱི་གནས་སྟངས་དེ་ཧ་ཅང་ཛ་དྲགས་ཆགས་ཡོད་”ཅེས་འཁོད་འདུག

དེ་བཞིན་སྙན་ཞུ་དེའི་ནང་རྒྱ་ནག་གིས་བོད་ལ་དྲག་གནོན་སྐོར་འཁོད་དོན། “རྒྱ་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་དང་གཉའ་གནོན་གྱི་སྲིད་ཇུས་རེ་ཟུང་ཞུས་ན། བོད་ཀྱི་ཆོས་དད་རང་མོས་ལ་ཐེ་གཏོགས་བྱེད་པ་དང། སྐད་ཡིག་བཀོལ་སྤྱོད་དང་སློབ་སྦྱོང་གི་རང་དབང་མེད་པ། བཙན་ཤེད་ཀྱིས་འབྲོག་པ་གྲོང་ཁྱེར་དུ་གཞིས་སྤོས་བྱེད་དུ་འཇུག་པ། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་རུ་འཇུག་པ་ལྟ་བུ། ཞིན་ཅིན་ཕིང་སྲིད་འཛིན་ཆགས་རྗེས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་བཟང་ཕྱོགས་སུ་འགྱུར་བ་འགྲོ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པར་བརྟེན། བོད་མིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། ཕྱི་ལོ་༢༠༡༣ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བསྐྱར་ཞིབ་བྱས་པའི་སྐབས་ཁོང་གཏོགས་རྒྱལ་ཁབ་གཞན་དག་གིས་བོད་ནང་གི་གནས་སྟངས་སེམས་ཚོར་ཡོད་པའི་གླེང་སློང་བྱས་ཡོད་ཀྱང། རྒྱ་ནག་གཞུང་གིས་ཡ་ལན་གང་ཡང་བྱས་མེད། དེ་འདྲའི་ཛ་དྲག་གི་གནས་སྟངས་ཐག་གཅོད་ཡོང་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་ཐབས་ལམ་ཞིག་འཚོལ་ཞིབ་བྱ་རྒྱུ་གལ་ཆེ།”ཞེས་འཁོད་འདུག

དེ་བཞིན་“ད་ཐེངས་ཀྱི་ཚོགས་འདུ་དེའི་སར་བོད་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་རྒྱུའི་རེ་བ་དང་། རྒྱ་ནག་སྲིད་འཛིན་ལ་ཞི་བའི་ཐོག་ནས་བོད་དོན་ཐག་གཅོད་ཀྱི་འབྲས་བུ་བཟང་པོ་ཞིག་སྨིན་ཐུབ་པའི་འབོད་སྐུལ་ཞུ་རྒྱུ་ཡིན། སྲིད་འཛིན་ཞི་ཅིན་ཕིང་གྱིས་བོད་རྒྱ་ཞི་མོལ་མུ་མཐུད་མཇུག་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག །

Share this:
༩༠ ཀློག་གྲངས།