ལག་དེབ་ལྗང་ཁུ་ལས་འཕྲོས་པའི་སྐད་ཆ།

-མི་ཉག་ཀུན་དགའ་བཀྲ་ཤིས། དབྱིན་ཡུལ། 
གཞུང་ཞིག་དང་ཚོགས་པ་ཞིག རྒྱལ་ཁབ་ཅིག  ཡང་ན་རྒྱལ་ཁབ་མང་པོ་ལས་གྲུབ་པའི་མཐུན་ཚོགས་ཤིག དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་དག་གིས་ཆབ་སྲིད་དང་དཔལ་འབྱོར། རྒྱལ་སྲུང་། འཕེལ་རྒྱས་སོགས་སྒྲུབ་ཐུབ་པ་དང་སྒྲུབ་མི་ཐུབ་པའི་རིགས་མང་པོ་ཞིག་ཡོད་པ་མིག་མཐོང་ལག་ཟིན་རེད།

སྒྲུབ་མི་ཐུབ་པ་དང་བསྒྲུབ་པར་བཀག་འགོག་ཆེ་ཕྲ་མང་པོ་ཞིག་ཡོད་པ་ནི་གཙོ་བོ་རྒྱལ་ཁབ་གཅིག་ལ་ལྟ་བ་མི་གཅིག་པའི་ཆབ་སྲིད་ཚོགས་པ་དང་ཆབ་སྲིད་པ་ཧ་ཅང་མང་པོ་ཡོད་པ་དེ་ཚོས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་མནོ་བསམ་ཆེས་མི་གཏོང་བར་ཆབ་སྲིད་ཚོགས་པ་ག་གེ་མོ་དེ་རང་གི་ལྟ་བ་གུ་དོག་པོ་དང་འཆར་གཞི་ནོར་འཛོལ་ཤོར་བ། དེ་བཞིན་སྐད་གྲགས་དང་དབང་ཆའི་ཁེ་ཕན་ཙམ་མངོན་འདོད་ཡོང་ཆེད་རྩོད་སྒྲུབ་ཚ་ནན་བྱེད་ནས་རང་དང་འདྲ་བའི་ཆབ་སྲིད་ཚོགས་པ་གཞན་རྣམས་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པའི་དགག་པ་རྒྱག་པ་དང་། གཞན་གྱིས་བསྒྲིགས་པའི་ལས་འཆར་ཡག་སྡུག་ཅི་ཡིན་རུང་དང་ལེན་མི་བྱེད་པས་རེད། མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དཀའ་རྙོག་དང་ལྟ་བ་མི་འདྲ་བའི་ཆ་རྣམས་སེལ་དགོས་པས་རྙོག་འཛིང་དེ་བས་ཆེ་བའི་རང་བཞིན་དུ་གྲུབ། དེ་དང་དེ་འདྲ་བའི་ཆབ་སྲིད་ཀྱི་ཟློས་གར་དེ་ཚོའི་རིགས་ནི་ཡར་ཐོན་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ་ལྟ་བུ་དང་ཡང་ན་མང་གཙོའི་ལམ་ལུགས་ཅན་གྱི་ཤར་ནུབ་ཀྱི་ལུང་པ་དག་ལ་ཕྲད་བཞིན་པའི་ཆབ་སྲིད་ཀྱི་དཀའ་ངལ་ངོ་མ་ཞིག་རེད། ཚོགས་པ་འདྲ་མིན་གྱིས་ཕན་ཚུན་ལ་དགག་སྒྲུབ་བྱེད་པའི་མང་གཙོའི་ཁེ་དབང་སྤྱོད་པའི་ཡང་དག་པའི་ལམ་ལུགས་འདི་རྒྱལ་ཁབ་ཅིག་ཡར་རྒྱས་སུ་སྐྱོད་པའི་ལམ་བུ་ཐོག་ལྷུང་བའི་བཀག་རྡོ་ཞིག་ལ་ངོ་འཛིན་ནམ་ཡང་བྱེད་མི་རུང་།

རྡ་རམ་ས་ལའི་རི་སྒང་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མའི་སྒྲིག་འཛུགས་འདིར་གཞུང་འབྲེལ་གྱི་ཆབ་སྲིད་ཚོགས་པ་གཅིག་ལས་མང་བ་མེད་པས་ཁྲིམས་ལྟར་འཛིན་སྐྱོང་བྱེད་པར་གནོད་པ་ཆེ་བའི་ཆབ་སྲིད་ཀྱི་ལྟ་བ་མི་གཅིག་པ་དང་ལངས་ཕྱོགས་མི་འདྲ་བའི་དཀའ་རྙོག་ཆེ་ཤོས་དེའི་རྭ་བ་ལས་ཡོངས་སུ་བརྒལ་ཡོད་པས་ན་བཏང་འཛིན་བྱེད་བདེ་བའི་སྒྲིག་འཛུགས་ཆུང་ཆུང་ཞིག་ཡིན་པར་འདོད། འོན་ཀྱང་བཙན་བྱོལ་བའི་གནས་བབ་ཐོག་བསྡད་པའི་དབང་གིས་གནས་སྟངས་མང་ཤོས་ཤིག་ཕྱིའི་ཆབ་སྲིད་ཀྱི་ཁོར་ཡུག་དང་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཐབས་ལམ་སོགས་ལུང་པ་གཞན་དང་གཞན་ལ་བསྟུན་དགོས་པའི་ཡུལ་དང་དུས་མི་འདྲ་བ་ལ་ཐུག་ཡོད་པར་རྩོད་རྒྱག་དགོས་པ་དང་ཐེ་ཚོམ་ཟ་དགོས་པ་ཞིག་གཏན་ནས་མ་རེད། དཔེར་ན་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་(R.C) ལྟ་བུ་རག་མིན་དང་ཐོབ་མིན་གཙོ་བོ་རྒྱ་གར་གཞུང་ལ་རག་ལས་ཡོད་པ་ལས་དེ་སྒྲིག་འཛུགས་རང་ཉིད་ཀྱིས་རང་ཐག་བཅད་ནས་བཟོ་ཐུབ་པའམ་མཁོ་སྤྲོད་བྱེད་ཐུབ་པ་ཞིག་མིན།

ཉིན་འགའ་ཡི་སྔོན་ལ་གང་ནས་སླེབས་པ་མི་ཤེས་པའི་དྲི་བ་གསར་པ་ཞིག་ང་རང་གི་ཀླད་པའི་ནང་ལ་འཚང་ནས་ཡོང་བས་དེའི་སྐོར་བསམ་བློ་གསར་པ་ཞིག་མ་བཏང་ཀ་མེད་ཆགས་སོང་། དེ་ནི་ལག་དེབ་ལྗང་ཁུའམ་རང་བཙན་ལག་དེབ་ཀྱི་སྐོར་རེད། རང་བཙན་ལག་དེབ་གསར་བཟོ་དང་རང་བཙན་ལག་དེབ་ཀྱི་མིང་བརྗེ་སྒྱུར་བྱེད་མི་ཐུབ་པའི་དཀའ་ངལ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་སྔོན་དུ་བྱོན་པའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་དེའི་སྐབས་ཀྱིས་གྲོས་ཚོགས་ཀྱིས་བཞག་པ་ཞིག་ཡིན་པ་དང་། ལོ་ཤས་སོང་བའི་རྗེས་ཀྱི་དུས་ད་ལྟའི་བར་ལའང་མི་གཙང་བའི་གད་སྙིགས་དེ་གཙང་སེལ་བྱས་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་ཕྱོགས་མཐའ་ཁག་ལ་གནས་པའི་བོད་མི་སྟོང་ཕྲག་མང་པོར་ཕྲད་པའི་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཚར། གནས་ལུགས་འདི་ཡིས་བོད་མི་མང་པོའི་སེམས་པ་མ་སྐྱིད་པ་དང་གཞུང་ལ་ཡིད་ཆེས་མེད་པ་བཟོ་ཡོད། དཀའ་ངལ་ཆེ་ཤོས་དེ་བོད་མི་ཡིན་བསམ་པའི་འདུ་ཤེས་ཐོག་བཙན་བྱོལ་སྒྲིག་འཛུགས་ལ་དཔྱ་ཁྲལ་སྤྲད་པའི་གོ་སྐབས་མེད་པ་གཅིག་པུ་མ་རེད། དེ་ནི་སོ་སོར་མདུན་ལམ་ཡངས་པོ་རེ་ཕྱེ་བའི་དོན་དུ་དངུལ་དངོས་ཀྱིས་འགྲོ་སོང་ཕོན་ཆེན་བཏང་ནས་གནས་སྐབས་རིང་ཁ་ཐོར་དུ་སོང་བའི་བཟའ་ཚང་། ནང་མི། ཕ་མ་དང་བུ་ཕྲུག་རྣམས་གཏན་དུ་ཁ་བྲལ་དུ་གཏོང་མཁན་གྱི་སྲིད་ཇུས་འཇིགས་སྣང་ཚ་པོ་ཞིག་གི་ངོ་བོར་འགྱུར་ཟིན་པས་ཡིན།

དཔེ་གཅིག་འཇོག་ན། རང་བཙན་ལག་དེབ་མ་འགྲིག་པའི་དབང་གིས་བཟའ་ཚང་དང་ནང་མི་རྣམས་ཟླ་སྒྲིལ་བཏང་མ་ཐུབ་པར་ལོ་མང་འགོར་བར་བརྟེན། མི་གཞན་དང་མཉམ་དུ་སྐྱར་དུ་མི་ཚེ་གསར་པ་རེ་དང་བཟའ་ཟླ་གསར་པ་རེ་ལ་ཁ་ཐུག་དགོས་པ་སོགས་མང་པོ་བཟོས་ཡོད་པ་དང་ད་ལྟའང་བཟོ་བཞིན་པ་རེད། མ་འོངས་པ་ལའང་བཟོ་ངེས་པ་རེད། གང་ཡིན་ཟེར་ན། རྒྱ་བལ་འབྲུག་གསུམ། དེ་བཞིན་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་ཚོགས་པ་ཁག་དང་བོད་མིའི་འཐུས་མི་སོགས་ཀྱིས་བཀའ་ཤག་དང་གྲོས་ཚོགས་སོགས་སུ་ཡིག་ངག་གཉིས་ཐོག་ནས་སྙན་ཞུ་རབ་དང་རིམ་པ་ཕུལ་བ་མ་ཟད། གྲོས་ཚོགས་ཚོགས་དུས་མང་པོའི་རིང་ལ་བརྗོད་བྱ་དེ་ཉིད་གྲོས་གཞིར་བཏོན་པ་དང་བསམ་བློ་བརྗེ་རེས་ཡང་ཡང་བྱས་ན་ཡང་བཟང་ཕྱོགས་ཀྱི་རྣམ་པ་མ་ཐོན་པ་རེད།

ཡང་གཅིག་བཤད་ན། རྡ་རམ་ས་ལ་ནས་གྲོས་ཚོགས་འཐུས་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕྱོགས་སྐྱོད་ཐེངས་མང་གནང་དུས་ཀྱང་རང་བཙན་ལག་དེབ་མ་གཏོགས་གླེང་རྒྱུ་མེད་པ་བཞིན་དེའི་སྐོར་བགྲོ་གླེང་མང་པོ་བགྱིས་ན་ཡང་གནས་ཚུལ་དེ་སེལ་བར་ད་བར་མདུན་སྐྱོད་ཀྱི་གོམ་པ་གཅིག་ཀྱང་སྤོས་མེད། དེ་སུའི་ནོར་འཁྲུལ་ཡིན་པ་དང་དེ་སེལ་བར་རྗེས་ལུས་ཇི་ལྟར་ཐེབས་པར་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་ཆགས་འདུག སྐད་ཆ་འདི་ལྟར་བཤད་དུས་ལམ་སང་ཞྭ་མོ་ནག་པོ་དེ་མིང་བརྗེ་མཁན་གཅིག་པུའི་མགོ་སྒང་ལ་གཡོག་རྐྱང་དང་དེ་སྣང་མེད་དུ་འཇོག་པ་དེའང་ནོར་འཁྲུལ་ཞིག་ལ་ངོ་འཛིན་བྱེད་ན་མ་འགྲིག་པ་མེད། རང་བཙན་ལག་དེབ་བཟོ་ཕྱོགས་ཀྱི་ཁྲིམས་གསར་པ་ཟམ་གདོང་རིན་པོ་ཆེའི་སྐབས་ཀྱི་བཀའ་ཤག་དང་གྲོས་ཚོགས་ནང་གི་མིས་བཟོས་པའི་ཁྲིམས་ཡང་སྐྱར་མིས་སྒྱུར་བཅོས་གཏོང་མི་ཆོག་པ་གང་ཟག་སུས་བཟོ་པ་ཡིན་ནམ།

སྤྱིར་ན་རང་བཙན་ལག་དེབ་གསར་བཟོ་དང་མིང་བརྗེ་སྒྱུར་གྱི་དབང་ཚད་བརྒྱ་ཆ་བརྒྱ་ཐམ་པ་སྒྲིག་འཛུགས་རང་ལ་ཡོད་དགོས་པ་དང་། དེ་རྒྱ་གར་གཞུང་ལ་བསྟུན་དགོས་པའི་གནས་སྟངས་ཤིག་ཡིན་པར་གཏན་ནས་མི་སེམས། ཁྲིམས་ཐོག་ནས་དོན་འགྲུབ་ཀྱི་དཔར་ཞིག་བཀྲ་ཤིས་ཀྱི་ལག་དེབ་ལྗང་ཁུ་ཐོག་སྦྱར་ནས་དོན་འགྲུབ་ཟེར་བ་དེ་བཀྲ་ཤིས་ཡིན་མདོག་སྟོན་ན་ཁྲིམས་འགལ་ཡིན་པ་ལས་ཆང་ས་རྒྱབ་པ་སོགས་སྒེར་གྱི་གནས་སྟངས་ལ་འགྱུར་བ་ཕྱིན་ནས་རུས་མིང་ངམ་མིང་ཆ་ཚང་བརྗེ་ཆོག་པ་ནི་ཁྲིམས་མཐུན་ཡིན་པ་མ་ཟད། མང་གཙོའི་གཞུང་དག་གི་ཁྲིམས་སུ་གལ་ཏེ་མིང་བརྗེ་དགོས་ན་འགེངས་ཤོག་ཐོག་དམིགས་བསལ་གྱི་མིང་བརྗེ་སྒྱུར་གཏོང་སའི་བར་སྟོང་འཇོག་སྲོལ་འདུག དེ་འདྲ་ནི་ཕྱི་བཟང་ནང་སྤྱོད་བྱེད་དགོས་པའི་མི་སེར་གྱི་བདེ་དོན་ལ་དམིགས་པའི་ལམ་ལུགས་བཟང་པོ་རེད། དེས་མིང་བརྗེ་སྒྱུར་བྱེད་པ་དེ་ཁྲིམས་འགལ་མ་ཡིན་པ་མཚོན། དེ་ལ་ང་ཚོས་སློབ་སྦྱོང་ལེན་དགོས།

ངས་འདིར་ནན་བརྗོད་བྱེད་འདོད་པ་ནི་གལ་སྲིད་རང་བཙན་ལག་དེབ་ཀྱི་དཀའ་ངལ་ཆུང་ཆུང་འདི་སེལ་ཐུབ་པའི་ནུས་པ་དང་གདེང་ཚོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཏེ་བཀའ་ཤག་དང་གྲོས་ཚོགས་གཉིས་ལ་མེད་ན། རྒྱ་ནག་ལ་ངེས་པར་དུ་བསྟུན་དགོས་པའི་བོད་ཀྱི་བསྟན་པ་དང་ཆབ་སྲིད་ཐོག་ལྷག་པའི་དཀའ་རྙོག་ཆེན་པོ་འདི་ཐབས་ལམ་ཇི་ལྟ་བུའི་ཐོག་ནས་སེལ་ཐུབ། རྒྱ་ནག་དང་མཉམ་དུ་ཞི་བའི་གྲོས་མོལ་ཇི་ལྟར་འགོ་འཛུགས་བྱ་རྒྱུ་ཡིན། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བོད་ལ་གདན་འདྲེན་ཇི་ལྟར་ཞུ་རྩིས་ཡོད། གཞིས་བྱེས་བོད་མི་མཉམ་འཛོམས་ཇི་ལྟར་བྱ་འཆར་ཡོད། རང་སྲིད་རང་སྐྱོང་ཇི་ལྟར་ལེན་རྩིས་ཡོད། དེ་ཚོ་ནི་བོད་ཀྱི་རྩ་དོན་ངོ་མ་རེད།

བཀའ་ཤག་དང་གྲོས་ཚོགས་གཉིས་ཀྱིས་རང་བཙན་ལག་དེབ་ཀྱི་དཀའ་ངལ་སེལ་མ་ཐུབ་པ་དེས་བོད་ཀྱི་རྩ་དོན་ལ་རང་བཞིན་གྱི་གནོད་ཀྱིན་ཡོད་པ་གོང་དུ་བརྗོད་ཚར་བ་ལས་གསལ་བ་དང་བོད་ཀྱི་དཀའ་ངལ་སེལ་བའི་གདེང་སྤོབས་དང་འཆར་གཞི་ངེས་ཅན་ཞིག་ཀྱང་མེད་པའི་ཐེ་ཚོམ་ངང་ངམ་ཤུགས་ཀྱིས་བསྐྱེད་དུ་བཅུག།

༢༠༡༤ ཟླ་བ་ ༠༧ པའི་ཚེས་ ༡༧ ཉིན་བྲིས།

Share this:
༡༡༩ ཀློག་གྲངས།