སྐྱེས་སྐར་དང་མཉམ་དུ་གློད་གྲོལ་ཡོང་ཐབས།


   དེ་ཡང་ལྕམ་ཨན་སང་སིན་ཅི་མི་ལོ་༡༩ བཙོན་འཇུག་བཀག་ཉར་གྱི་དུས་ཡུན་ཚང་ཡོད་རུང༌། ཉེ་དུས་ཨ་རིའི་མི་གཅིག་ཆོག་མཆན་མེད་པའི་ཐོག་ནས་བཀག་ཉར་ཁང་དུ་སོང་བའི་རྐྱེན་གྱིས། སླར་ཡང་ཨན་སང་སིན་ཅི་ཁྲིམས་ཁང་དུ་འགྲོ་དགོས་བྱུང་ནས་ད་ལྟའི་བར་ཁྲིམས་ཐག་ཆོད་མེད་པ་རེད། ༢༠༡༠ ལོར་འབར་མའི་དབུས་འོས་བསྡུ་ཆེན་མོའི་དུས་ཚོད་སླེབས་ཡོད་པས། འབར་མའི་དམག་གཞུང་གིས་རྐྱེན་སྣ་ཚོགས་ལ་ཁག་གཡོགས་ཏེ། འོས་བསྡུ་ཆེན་མོའི་དུས་ཡུན་མ་རྫོགས་བར་ལྕམ་ཨན་སང་སིན་ཅི་བཙོན་འཇུག་བཀག་ཉར་འོག་ནས་གཏོང་མི་སྲིད་པའི་སྐོར། ཆབ་སྲིད་མི་སྣ་དང་གསར་འགྱུར་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
    དེ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་གཙོ་བོར་གྱུར་པའི་ཡུ་རོབ་མཉམ་འབྲེལ་ལྷན་ཚོགས་དང༌། ནུབ་ཕྱོགས་པའི་ལྟད་མོ་འཁྲབ་སྟོན་པ་འཛམ་གླིང་ནང་སྙན་གྲགས་ཅན་ཕོ་མོ་མང་པོས། ལྕམ་ཨན་སང་སིན་ཅིའི་སྐྱེས་སྐར་ལ་སྲུང་བརྩི་ཞུས་ནས་ཆ་རྐྱེན་གང་ཡང་མེད་པ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་ཡོད་པ་དང༌། དེ་བཞིན་འབར་མའི་མི་མང་གིས་ཉེན་ཁ་ལ་མ་འཛེམས་པར་ལྕམ་ཨན་སང་སིན་ཅི་ཡི་ཆེད་དུ་བྱ་བྱེའུ་སོགས་ཚེ་ཐར་གཏོང་བ་དང༌། ནང་པའི་དགེ་འདུན་པ་རྣམས་ལ་གསོལ་ཚིགས་ཕུལ་བ་སོགས་ཀྱིས་ཞི་བའི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་འདུག འབར་མའི་མི་རིགས་སྐྱབས་བཅོལ་ལ་ཡོད་མཁན་ཚོས་ཀྱང་ཨང་གྲངས་༦༤ ལྕམ་ཨ་ཨན་སང་སིན་ཅི་ཡི་ཆེད་དུ་ཡིན་ཟེར་བའི་དྲ་རྒྱ་བཟོས་ཏེ། ལྕམ་གྱི་སྐོར་འཛམ་གླིང་ནང་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Share this:
༩༡ ཀློག་གྲངས།