རྒྱ་ནག་གིས་ཧོ་ལན་ཌི་གྲོས་ཚོགས་འཐུས་མིར་ཐོངས་མཆན་སྤྲད་མེད་པ་རེད།

    དེ་ཡང་ཧོ་ལན་ཌའི་གྲོས་ཚོགས་འཐུས་མི་རྣམས་རྒྱ་ནག་ལ་འགྲོ་ཆོག་པའི་ངོས་ལེན་མ་བྱས་པའི་རྒྱུ་མཚན་ནི་ཕྱི་ཟླ་༦ ཚེས་༤ དང་༥ ལ་ཧོ་ལན་ཌའི་གྲོས་ཚོགས་ཀྱིས་འདན་ཞུ་ལྟར་ྋགོང་ས་མཆོག་ཧོ་ལན་ཌའི་གྲོས་ཚོགས་ནང་གཟིགས་སྐོར་ལ་ཕེབས་ཡོད་པ་དེར་ཐུག་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག དེ་སྔོན་ཉིན་ཤས་སྔོན་ྋགོང་ས་མཆོག་ཧོ་ལན་ཌའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང། གྲོས་ཚོགས་འཐུས་མི་རྣམ་པས་ཕེབས་བསུ་ཞུས་ཡོད་པ་དང། སྐབས་དེར་རྒྱ་ནག་གཞུང་ཚབ་ཀྱིས་ཧོ་ལན་ཌིའི་གྲོས་ཚོགས་ལ་གཞུང་འབྲེལ་གྱི་ངོས་ནས་སྙན་ཞུ་ཕུལ་བ་མ་ཟད། ྋགོང་ས་མཆོག་ལུང་པ་དེར་གདན་འདྲེན་ཞུས་པར་ངོ་རྒོལ་བྱས་ཡོད་པ་རེད། སྙན་ཞུའི་ནང་འཛམ་གླིང་གི་དཔལ་འབྱོར་ཉམས་ཉེས་སུ་གྱུར་ཡོད་སྐབས། ཧོ་ལན་ཌས་ྋགོང་ས་མཆོག་གདན་ཞུ་བྱས་པ་འདི་ལུང་པ་གཉིས་ཀྱི་འབྲེལ་ལམ་ལེགས་པོ་སྲུང་བར་རྣམ་འགྱུར་བཟང་པོ་ཞིག་མ་རེད་ཅེས་བརྗོད་ཡོད་པ་རེད། འོན་ཀྱང་སྐབས་དེར་ཧོ་ལན་ཌའི་གྲོས་ཚོགས་ཀྱིས་ལུང་པ་གཉིས་ཀྱི་འབྲེལ་ལམ་ལེགས་པོ་མི་ཡོང་བའི་རྒྱ་ནག་གི་ཉེན་བརྡ་དང་ངོ་རྒོལ་ལ་མ་ལྟོས་པར་ྋགོང་ས་ཏཱ་ལའི་བླ་མར་ཕེབས་བསུ་དང༌། ལྷག་པར་དུ་ཡེ་ཤུའི་མང་གཙོ་ཚོགས་པའི་འཐུས་མི་མཱ་ཊེན་ཧ་ཝར་ཁམ་ཟེར་བ་ཞིག་གིས་རྒྱ་ནག་གི་གཞུང་ཚབ་གྱིས་ཧོ་ལན་ཌའི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག ཧོ་ལན་ཌས་རྒྱ་ནག་གི་ཚོགས་འདུ་སོགས་ལ་ཐེ་ཇུས་བྱེད་ཀྱི་མེད། ང་ཚོས་ཀྱང་རྒྱ་ནག་གི་གཞུང་ཚབ་ངོས་ནས་ཀྱང་དེ་ལྟར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།།

Share this:
༡༠༢ ཀློག་གྲངས།