༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་བགྲོ་གླེང་།

ཟླ་འདིའི་ཚེས་༢༣ ཉིན་གྱི་སྔ་དྲོ་དཔལ་ལྡ་རང་གཞུང་ཆོས་རིགས་ལས་ཁུངས་ཀྱི་བཀའ་འབྲེལ་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་སློབ་གྲྭ་ཐུན་མོང་གིས་གོ་སྒྲིག་འོག ༧གོང་ས་མཆོག་གི་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

news photos from gadenདེར་སྐུ་མགྲོན་གཙོ་བོ་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་དང་མཁན་ཟུར་དཀོན་མཆོག་ཚེ་རིང་རྣམ་གཉིས་ཀྱིས་དབུས་དགའ་ཤར་གྲྭ་ཚང་གི་རྒྱལ་སྲས་བླ་སྤྲུལ་རྣམས་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་པ། དགེ་འདུན་འདུས་མང་ཡོངས་བཅས་མཉམ་ཞུགས་ཐོག་སོག་པ་ཀླུ་གྲུབ་བསྟན་དར་དང་། ཉག་རེ་དགེ་བཤེས་བྱམས་པ་ཆོས་ལྡན། ལྷོ་པ་ཚུལ་ཁྲིམས་རྒྱལ་བ་གསུམ་གྱིས་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བརྗོད་གཞིའི་ཐོག་བགྲོ་གླེང་དང་གྲྭ་མང་གིས་དོགས་འདྲི་ལ་ལན་འདེབས་གནང་ཡོད་པ་རེད།

ཐེངས་འདིའི་དགའ་ཤར་གྲྭ་ཚང་གི་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་བགྲོ་གླེང་གི་བརྗོད་གཞི་དོན་ཚན་བཞིའི་ཡོད་པ་དང་། དོན་ཚན་དང་པོ། ༧གོང་ས་མཆོག་གིས་རྒྱལ་བའི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་རི་བོ་དགེ་ལྡན་པའི་བསྟན་པ་ལ་མཛད་རྗེས་ཇི་ལྟར་བྱུང་བའི་སྐོར་དང་། དོན་ཚན་གཉིས་པ། ༧གོང་ས་མཆོག་གིས་འཛམ་གླིང་སྤྱིའི་ཆོས་ལུགས་ནང་ཕན་ཚུན་བར་གྱི་མཐུན་སྒྲིལ་ཆེད་གང་མཛད་དང་། དེའི་ཕན་འབྲས་སྐོར། དོན་ཚན་གསུམ་པ། ༧གོང་ས་མཆོག་གིས་བོད་ཀྱི་ཆོས་བརྒྱུད་ཁག་བར་གྱི་མཐུན་སྒྲིལ་ཆེད་ཇི་མཛད་དང་། དེའི་གྲུབ་འབྲས་སྐོར། དོན་ཚན་བཞི་པ།༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་བར་གྱི་གོ་རྟོགས་ཡར་རྒྱས་ཆེད་གང་གནང་དང་། དེའི་གྲུབ་འབྲས་སྐོར་བཅས་ཡིན་པ་རེད།

ཐེངས་འདིའི་བགྲོ་གླེང་དང་འབྲེལ་བའི་སྐོར་ལ་དགའ་ཤར་སློབ་སྤྱི་རྒྱལ་མཚན་དབང་འདུས་ལ་བཅར་འདྲི་ཞུས་པར། རྩ་བས་རང་གཞུང་བཀའ་སྤྱི་གཉིས་ཀྱིས་གསལ་བསྒྲགས་སྔོན་སོང་བཞིན། འདི་ལོའི་ལོ་ཧྲིལ་པོ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན་ཞེས་གསལ་བསྒྲགས་གནང་ཡོད་པ་ཙམ་དུ་མ་ཟད། ཉེ་བའི་ཆར་རང་གཞུང་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་གདན་ས་གྲྭ་ཚང་ཁག་ཏུ་བཀའ་འབྲེལ་བཞིན། འདི་ལྟར་༧གོང་ས་མཆོག་གི་མཛད་རྣམ་བརྗོད་གཞི་མི་འདྲ་བ་ཁག་བཞིའི་ཐོག་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཞིག་ཡིན་ཞེས་དང་། ཁོང་གིས་མུ་མཐུད་ནས་གསུང་དོན། ཉེ་བའི་ཆར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དེ་ཡང་འདི་ག་གྲྭ་ཚང་དང་སློབ་གྲྭའི་ངོས་ནས་གང་མཚམས་གྲ་རྒྱས་པོ་ཞུ་ཐུབ་པ་བྱུང་བས་དགའ་བོ་ཞེ་དྲགས་བྱུང་ལ། འབྱུང་འགྱུར་ཡང་ད་ཐེངས་ཀྱི་བགྲོ་གླེང་འདི་དང་སྐབས་བསྟུན་ནས་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་ཐོག་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་གྲྭའི་སློབ་དགེ་ཁག་གཅིག་གིས་ཆེད་རྩོམ་རྩོམ་ཡིག་བྲིས་ཡོད་པ་རེད། ད་དུང་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་རྩོམ་ཡིག་གང་མང་བསྡུ་རུབ་བྱས་ནས་ལོ་རྗེས་མའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བཀའ་དྲིན་རྗེས་དྲན་གྱི་མཛད་རྣམ་རྩོམ་དེབ་ཅིག་ཀྱང་དགའ་ཤར་གྲྭ་ཚང་གི་ངོས་ནས་འདོན་འགྲེམས་བྱེད་འཆར་ཡོད་ཅེས་སོགས་འགྲེལ་བརྗོད་གནང་སོང་།

ལྷོ་ཕྱོགས་གསར་འགོད་པས།

Share this:
༡༠༡ ཀློག་གྲངས།