སློབ་མའི་མི་ཚེ་ཆུད་ཟོས་སུ་གཏོང་བཞིན་འདུག

ཁམས་ཆབ་མདོ་ས་ཁུལ། སྟེང་ཆེན་རྫོང་། སྟེང་ཆེན་བྱོ་སྔོན་ཡུལ་ཚོ་རུ་རྒྱ་གཞུང་གིས་བཙུགས་པའི་ས་གནས་ཡུལ་ཚོའི་སློབ་གྲྭའི་ནང་རྒྱ་གཞུང་གིས་ཤེས་ཡོན་མེད་པའི་དགེ་རྒན་ཤ་སྟག་བསྐོ་བཞག་བྱས་ཡོད་པ་དང་།   དགེ་རྒན་རྣམས་ཀྱིས་ཉིན་ལྟར་སློབ་ཁྲིད་མི་བྱེད་པར་རྒྱན་རྩེད་དང་འཁྱམ་ཉུལ་སོགས་ལ་གཡེངས་ཏེ་སློབ་ཕྲུག་གི་མི་ཚེ་ཆུད་ཟོས་སུ་གཏོང་བཞིན་ཡོད་སྐོར་ས་གནས་དེ་གའི་ཡུལ་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་སོང་།

ཟླ་འདིའི་ཚེས་༢༧ ཉིན་ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། གནས་ཚུལ་དེ་ནི་རྒྱ་གཞུང་ཕྱོགས་ནས་དེ་སྔོན་སློབ་གྲྭའི་ནང་སློབ་སྦྱོང་མི་བྱེད་མཁན་དང་སྤྱོད་པ་ངན་རིགས་ཚང་མ་ལམ་བཟོ་བ་དང་། ས་གནས་ཞིང་འབྲོག་ས་ཁུལ་དག་ཏུ་དགེ་རྒན་ལ་བསྐོ་བཞག་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་འདུག   ཁོ་ཚོ་མང་ཆེ་བ་ནི་གོང་རིམ་གྱི་ངོ་ཤེས་དང་སྟེགས་སྒོ་བརྒྱུད་ནས་བསྐོ་བཞག་བྱས་པ་ཤ་རྟགས་ཡིན་པ་མ་ཟད།   ད་དུང་སློབ་གྲྭའི་འཛིན་སྐྱོང་ཀྱང་ཧ་ཅང་ཐབས་སྐྱོ་བོ་ཡིན་འདུག

ས་གནས་རྒྱ་གཞུང་གིས་ སྟེང་ཆེན་རྫོང་། བྱོ་སྔོན་ཡུལ་ཚོའི་ནང་གི་ཁྱིམ་ཚང་རེ་རེ་ནས་ཕྲུ་གུ་རེ་རེ་ངེས་པར་དུ་ཡུལ་ཚོའིི་སློབ་གྲྭའི་ནང་དུ་གཏོང་དགོས་པའི་བཙན་བཀའ་བཏང་ནས། སློབ་གྲྭ་དེའི་ནང་སྟེང་ཆེན་རྫོང་བྱོ་སྔོན་ཡུལ་ཚོའི་ཁྱབ་ཁོངས་ཀྱི་བོད་མི་ཞིང་འབྲོག་རྣམས་ཀྱི་ཕྲུ་གུ་བརྒྱ་ཕྲག་ཡོད་ན་ཡང་།   དགེ་རྒན་ཚོས་སློབ་སྦྱོང་མ་སྤྲད་པར་ཕྲུ་གུ་རྣམས་ཉིན་ལྟར་སློབ་ཁང་ནང་བཅུག་བཞག་པ་འམ་ཡང་ན་མང་ཆེ་བ་རྩེད་མོ་རྩེ་རུ་བཅུག་ནས། དགེ་རྒན་རྣམས་རྒྱན་རྩེད་ལ་འགོ་འཁོར་བ་དང་ཡང་ན་ཕྱི་ལ་འཁྱམ་འགྲོ་གི་ཡོད་སྟབས། སློབ་གྲྭར་བཏང་ནས་ལོ་བཞི་ལྔ་ཕྱིན་པའི་ཕྲུ་གུ་ཚོའི་ཀྱང་ཡི་གེ་སྦྱོར་ཀློག་ཙམ་ཡང་ཡག་པོ་ཤེས་ཀྱི་མེད་པར་བརྟེན།   ཕ་མ་ཚོས་ཕྲུ་གུ་སློབ་གྲྭ་དེར་གཏོང་རྒྱུར་དགའ་མོས་བྱེད་ཀྱི་མེད་པ་མ་ཟད།     ཕ་མ་ཁག་ཅིག་གིས་ཕྲུ་གུ་ཡུལ་ཚོའི་སློབ་གྲྭ་ནས་འཐེན་ཏེ་ལྷ་ས་དང་ཆབ་མདོ་རྫོང་སོགས་ཐག་རིང་ས་གནས་གཞན་ལ་སློབ་གྲྭར་མི་གཏོང་ཁ་མེད་ཆགས་ཡོད་འདུག

ཡིན་ན་ཡང་ས་གནས་མི་མང་ཚོར་ཕྱོགས་གཅིག་ནས་ཁྲིམས་ལུགས་ཀྱི་་གོ་རྟོགས་དམན་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གི་གོང་རིམ་ལས་ཁུངས་དང་ལས་བྱེད་སོགས་སུ་ཞུ་གཏུག་བྱས་ཀྱང་། ཁྲིམསས་ལུགས་དྲང་བདེན་ཡོང་དཀའ་བར་ཚོད་དཔག་བྱས་ཏེ་ཞུ་གཏུག་བྱེད་ཐུབ་ཀྱི་མེད་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།།

ལྷོ་ཕྱོགས་གསར་གོད་པས།

 

 

 

Share this:
༡༨༧ ཀློག་གྲངས།