ཤར་ལྷོ་ཨེ་ཤ་ཡའི་དམག་འཁྲུག

དེ་ཡང་པཱ་ཀི་སི་ཐན་གཞུང་དམག་གིས་བྱང་ཤར་ཁུལ་དུ་བཙན་འཛུལ་བྱས་ནས་བསྡད་ཡོད་པའི་ཏཱ་ལི་བྷན་འཇིགས་སྐུལ་རིང་ལུགས་པའི་དམག་ཡོངས་རྫོགས་མཐར་སྐྲོད་བཏང་ཟིན་པ་དང༌། སླར་ཡང་པཱ་ཀི་སི་ཐན་གྱི་ས་ཁུལ་གཞན་ཁག་ཏུ་འཇིགས་སྐུལ་རིང་ལུགས་པའི་འཇབ་དམག་རྣམས་མཐར་སྐྲོད་གཏོང་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དེང་སྐབས་པཱ་ཀི་སི་ཐན་ལ་རོགས་རམ་ཕོན་ཆེན་འབྱོར་བཞིན་ཡོད་འདུག དམིགས་བསལ་གྱི་པཱ་ཀི་སི་ཐན་གཞུང་དམག་གིས་ཚུར་བླངས་ཟིན་པའི་བྱང་ཤར་ཁུལ་དེ། འཇིགས་སྐུལ་རིང་ལུགས་པའི་གཏེ་དཔོན་ཚོས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ། དུས་ནས་དུས་སུ་འཇིགས་སྐུལ་དང་འབར་རྫས་གཡུགས་རྒྱུར་འཆར་གཞི་སྒྲིག་སའི་ལྟེ་གནས་དེ་ཡིན་པ་རེད།

    དེ་བཞིན་རྒྱ་གར་གཞུང་དམག་གིས་ནུབ་བྷང་གྷལ་གཙོ་བོར་བྱས་ནས། རྒྱ་གར་གྱི་ས་ཕྱོགས་གང་སར་དམར་ཕྱོགས་རིང་ལུགས་པའི་འཇབ་རྒོལ་དམག་མི་མང་པོ་བསད་པ་དང། འཛིན་བཟུང་བྱས་ནས། ཟླ་འདིའི་ཚེས་༢༡ ནས་དབུས་གཞུང་དང་རྒྱ་གར་དམར་ཕྱོགས་ཚོགས་པ་གཉིས་དབར་ཞི་བའི་གྲོས་མོལ་བྱེད་རྒྱུའི་ལས་རིམ་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།
    རྒྱ་གར་གྱི་ཆབ་སྲིད་མི་སྣ་མང་པོས་དབུས་དང་དམར་པོའི་གཡུལ་འགྱེད་དེ་ཧ་ཅང་ཉེན་ཁ་ཅན་ཞིག་ལ་བརྩི་ཡི་ཡོད་པ་དང༌། དེང་སྐབས་དམར་པོའི་གཡུལ་འགྱེད་ནང་སྐྱེས་དམན་དང་ཕྲུ་གུ་མང་པོ་འཛུལ་ཞུགས་བྱས་ནས། གཞུང་གི་དམག་ཁོ་ནས་སྟངས་འཛིན་བྱེད་མི་ཐུབ་པའི་རྐྱེན་གྱིས། དམག་འཁྲུག་ལ་གདོན་འདྲེའི་དམག་འཁྲུག་ཅེས་འབོད་བཞིན་ཡོད་པ་རེད།

Share this:
༤༥ ཀློག་གྲངས།