རོང་རྒྱས་ཨ་གྲགས་བཙོན་འཇུག་བྱས་ཏེ་ལོ་བདུན་འཁོར་བའི་ལས་འགུལ།

ཟླ་འདིའི་ཚེས་༡ ཉིན་སྟེ། རྒྱ་ནག་གཞུང་གིས་རོང་རྒྱས་ཨ་གྲགས་བཙོན་འཇུག་བྱས་ནས། ལོ་བདུན་འཁོར་བའི་ཉིན་མོ་འདིར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དྷ་ས་མེག་གྷན་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

དྷ་སར་ལས་འགུལ་སྐབས། SFT
དྷ་སར་ལས་འགུལ་སྐབས། SFT

སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་ཇཱོ་སི་ན་དང་། བསྟན་འཛིན་ཚེ་ལྷ་གཉིས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་བྱས་པ་དང་། རོང་རྒྱས་ཨ་གྲགས་ཀྱིས་བོད་དོན་སྐད་འབོད་བྱས་ཏེ། རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་པའི་བརྒྱུད་རིམ་འཁྲབ་སྟོན་བྱས་ཏེ། རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་༢༠༠༧ ཕྱི་ཟླ་༨ ཚེས་༡ ཉིན་སྟེ་ཁམས་ལི་ཐང་གི་རྟ་རྒྱུགས་ཆེན་མོའི་མཛད་སྒོའི་ཐོག་རོང་རྒྱས་ཨ་གྲགས་ཀྱིས་བོད་དོན་སྐད་འབོད་བྱས་པ་དང་། ཁོང་གི་བོད་དོན་སྐད་འབོད་དང་། མི་མང་ལ་གཏམ་བཤད་བྱས་པའི་བརྙན་འཕྲིན་ཐུང་ཐུང་ཞིག་ཕྱི་ལ་འབྱོར་བའི་ནང་“ཁྱོད་ཚོས་ང་ཚོའི་ལས་ཐོག་ན་ཅི་ཞིག་བྱུང་བཞིན་པ་ཨེ་ཤེས་སམ། ང་ཚོས་རང་གི་ལུས་པོ་འགུལ་སྤྱོད་ཐུབ་ནའང་། ང་ཚོའི་སེམས་ཀྱི་སྐད་ཆ་བཤད་ཐུབ་ཀྱི་ཡོད་པ་མ་རེད། ཁྱོད་ཚོས་ཨེ་ཤེས་སམ། ད་ལྟ་ཁ་ཤས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོས་མེད་ཡིན་ཚུལ་བཤད་ཀྱི་ཡོད། ཡིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོ་བོད་མི་ས་ཡ་དྲུག་གི་དོན་དངོས་ཀྱི་”ཟེར་བ་སོགས་གཏམ་བཤད་སྤེལ་ཡོད་པ་རེད།

རོང་རྒྱས་ཨ་གྲགས།
རོང་རྒྱས་ཨ་གྲགས་ཀྱིས་བོད་དོན་སྐད་འབོད་སྐབས་ཀྱི་པར།

སྐབས་དེར་ཁོང་རྒྱ་ནག་གིས་ཉེན་རྟོག་པས་འཇུ་བཟུང་བྱས་པ་དང་། རྗེས་སུ་ཁོང་ལ་བརྒྱད་ཀྱི་དུས་བཀག་བཙོན་འཇུག ཨ་ཀྲུག་བློ་སྤོ་ལ་རོང་རྒྱས་ཨ་གྲགས་ཀྱི་ལས་འགུལ་ལ་བཀོད་འདོམས་བྱས་པའི་ཉེས་མིང་འོག ལོ་བཅུའི་དུས་བཀའ་བཙོན་འཇུག དེ་བཞིན་ཁོང་གི་ཚ་བོ་སོགས་མི་ཁག་ཅིག་ལོ་ཤས་རིང་དུས་བཀག་བཙོན་འཇུག་བྱས་ཡོད་པ་རེད།།

Share this:
༧༣ ཀློག་གྲངས།