བུད་མེད་ཀྱི་ནུས་སྟོབས་ཇི་ལྟར་སྤེལ་ཐུབ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༢  ཕྱི་ལོ་ ༢༠༡༤/༨/༦
དེང་གི་དུས་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་གོང་མཐོར་སྤེལ་ཐབས་ཀྱི་ལས་འགུལ་གང་མང་ཞིག་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བུད་མེད་དང་འབྲེལ་བའི་སྐོར་ལ་དམིགས་བསལ་སྲིད་བྱུས་ཤིག་ཀྱང་གཏན་འབེབས་གནང་ཡོད། ལོ་ལྟར་སྔོན་རྩིས་ནས་བུད་མེད་ཀྱི་ནུས་སྟོབས་སྤེལ་ཐབས་སུ་འགྲོ་སོང་ཡང་མང་པོ་གཏོང་གི་ཡོད་པ་དང། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་ཀྱང་དེའི་ཐོག་ལ་ཤུགས་རྒྱག་བཞིན་ཡོད། དོན་དངོས་ཐོག་འཛམ་གླིང་འདིའི་གནམ་ས་ཕྱེད་ཀའི་བདག་མོ་བུད་མེད་ཡིན་པ་དང། སྤྱི་ཚོགས་གང་ཞིག་གི་ངོས་ནས་བུད་མེད་ཀྱི་བསམ་བློའི་ནུས་སྟོབས་ཡར་རྒྱས་སུ་ཅི་ཙམ་སོང་ན་དེའི་ཚོད་ཀྱིས་སྤྱི་ཚོགས་དེ་ཡར་རྒྱས་དང་མདུན་བསྐྱོད་བྱེད་ཐུབ་པ་ནི་བརྗོད་མི་དགོས། དེར་བརྟེན་བུད་མེད་ཀྱི་ནུས་སྟོབས་གོང་མཐོར་སྤེལ་དགོས་པ་དེ་ལས་དོན་ཧ་ཅང་གལ་ཆེ་ཞིག་ཏུ་གྱུར་ཡོད་ཀྱང། ངོས་འཛིན་བྱེད་སྟངས་དང་དཀའ་སེལ་གྱི་ཐབས་ལམ་མ་ནོར་བ་ཞིག་དགོས་པ་ནི་དེ་བས་ཀྱང་གལ་ཆེན་པོ་རེད།

གཙོ་ཆེ་ཤོས་ཤེས་ཡོན་གྱི་ཐོག་ནས་བུད་མེད་དང་སྐྱེས་པའི་བར་དུ་ལག་ཁྱེར་ཙམ་མ་ཡིན་པར་དོན་དངོས་ཐོག་ཧེ་བག་ཡོད་མེད་ཞིབ་འཇུག་ཚད་ལྡན་ཞིག་བྱས་ནས།  ངོས་འཛིན་གསལ་པོ་ཐོབ་རྗེས་གལ་སྲིད་བུད་མེད་ཀྱི་ཤེས་ཡོན་སྐྱེས་པ་ལས་ཅུང་རྗེས་སུ་ལུས་ཡོད་ན། དེའི་རྒྱུ་རྐྱེན་གང་ཡིན་དབྱེ་ཞིབ་ཀྱིས་དེ་ལ་ཕན་པའི་ཡར་རྒྱས་གཏོང་དགོས་པ་གང་དང་གང་ཡིན་བལྟ་དགོས་པ་ལས། དེ་ལྟར་མ་བྱས་པར་བུད་མེད་ཀྱི་ནུས་སྟོབས་ཡར་རྒྱས་གཏོང་རྒྱུའི་རེ་བ་དང་དམིགས་ཡུལ་ཡོད་པ་ཙམ་དང། དུས་ཐུང་ནང་ཟབ་སྦྱོང་རེ་སྤྲད་པ་ཙམ་གྱིས་དེ་ཙམ་ཕན་ནུས་ཐོན་དཀའ། མ་འདང་པའི་ཆ་དེ་ངོས་ཟིན་པའི་ཐོག་ནས་ཡར་རྒྱས་ཀྱི་དམིགས་ཚད་ཅིག་བཟུང་ན་རིམ་པས་ཡར་རྒྱས་སུ་འགྲོ་ངེས་པ་རེད། དེ་ལྟར་མ་བྱས་པར་སྤྱི་ཙམ་གྱི་ལས་འགུལ་སྤེལ་བ་དེ་འབེན་མེད་པར་མདའ་འཕངས་པ་དང་གཅིག་མཚུངས་སུ་གྱུར་ཡོད། སྤྱིར་བཙན་བྱོལ་དུ་སླེབས་ནས་མི་ལོ་༥༠ ལྷག་འདས་ཟིན་པས་ཤེས་ཡོན་གྱི་ཐོག་ནས་འདྲ་མཉམ་མིན་པའི་གནས་ཚུལ་དེ་མེད་ཀྱང་སྲིད།

སྟོབས་ཤུགས་ངོས་འཛིན་བྱེད་སྟངས་མི་འདྲ་བ་མང་པོ་ཡོད་ཀྱང། རྒྱུ་ནོར་གྱི་སྟོབས་དང། དབང་ཚད་ཀྱི་ཤུགས་ཞེས་པ་འདི་ད་ལྟའི་དུས་རབས་འདིར་ཕལ་མོ་ཆེས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། འཛམ་གླིང་གོ་ལ་ཧྲིལ་པོའི་ཁྱོན་དུ་དཔལ་འབྱོར་གྱི་འགྲན་སྡུར་ཧ་ཅང་རྒྱ་ཆེ་བ་དང། སྤྱིར་འཛམ་བུའི་གླིང་དང་སྒོས་བོད་པའི་སྤྱི་ཚོགས་སུ་སྟོབས་འབྱོར་ཧ་ཅང་ཆེ་བའི་གྲས་སུ་བུད་མེད་ཀྱིས་བརྒྱ་ཆ་ག་ཚོད་ཅིག་ཟིན་ཡོད་མེད་དེ་གསལ་པོ་ཤེས་དགོས་ཤིང། དཔལ་འབྱོར་གྱི་ཐོག་ནས་སྤྱི་ཚོགས་ཀྱི་སྣེ་ཁྲིད་ཐུབ་མཁན་གྱི་བུད་མེད་ཡོང་ཐུབ་པར་འབད་བརྩོན་བྱེད་དགོས། ད་ལྟའི་དུས་འདིར་རྒྱ་ནག་གི་སྤྱི་ཚོགས་ནང་འབྱོར་ལྡན་མང་བ་དེ་བུད་མེད་ཡིན་པ་དང། ཁྱིམ་ཚང་སོ་སོའི་ཕྱི་ནང་གི་དབང་ཆ་ཆེ་ཤོས་བུད་མེད་ཀྱིས་འཛིན་མཁན་མང་བས། མ་འོངས་པར་ལོ་༥༠ ནས་༡༠༠ ཙམ་གྱི་སྐབས་ལ་རྒྱ་ནག་ནང་སྐྱེས་པས་འདྲ་མཉམ་གྱི་ཐོབ་ཐང་རྩོད་དགོས་པ་ཞིག་དང། སྐྱེས་པའི་ནུས་སྟོབས་སྤེལ་དགོས་པ་ཞིག་ཏུ་འགྱུར་སྲིད་པར་ཚོད་དཔག་བྱེད་མཁན་ཡང་ཡོད་པ་ལྟར། གནས་སྟངས་རེ་ཟུང་གི་ཐོག་ནས་བལྟས་ན་དེ་ལྟར་ཡོང་མི་སྲིད་པའང་མ་རེད།

གོང་དུ་བརྗོད་པ་བཞིན་ཤེས་ཡོན་དང་དཔལ་འབྱོར་གྱི་ཐོག་ནས་སྐྱེས་པ་དང་བུད་མེད་འདྲ་མཉམ་དུ་གྱུར་ཟིན་པའི་རྗེས་སུ་ཕྱི་ནང་ཀུན་ཏུ་དབང་ཚད་འདྲ་མཉམ་ངེས་པར་ཡོང་ངེས་ཤིང། ཆབ་སྲིད་ཀྱི་དབང་ཆའང་བུད་མེད་ཀྱི་ལག་ཏུ་སྐྱེས་པ་དང་གཅིག་མཚུངས་རག་ངེས་ཡིན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་རྒྱུ་རྐྱེན་ཆེ་ས་དང་ཕུགས་རྒྱང་རིང་ས་ནས་འཚོལ་ཐུབ་ན་ཡར་རྒྱས་ཀྱི་རྨང་གཞི་བརྟན་པ་དང་གྲུབ་འབྲས་ཆེན་པོ་ཡོང་ཐུབ་ཀྱི་རེད། དེ་མ་ཡིན་པར་སྐྱེས་པས་བུད་མེད་ལ་གཉའ་གནོན་དང་ཐུབ་ཚོད་ཁོ་ན་གཏོང་གི་ཡོད་པ་དང། དེ་ལ་རྒོལ་ལན་བསློགས་ནས་འདྲ་མཉམ་ཡོང་དགོས་པ་ལྟ་བུའི་བསམ་བློའི་རྨང་གཞི་ཁོ་ནའི་ཐོག་ནས་མདུན་བསྐྱོད་ཆེན་པོ་ཞིག་བྱེད་མི་ཐུབ་ལ། དཀའ་ངལ་ངོ་མ་དེ་གང་ཡིན་མིན་གསལ་པོ་འཚོལ་ཐུབ་དགོས། གཞན་ཐབ་ཚང་ནང་དུ་བུད་མེད་མང་བ་འཛུལ་དགོས་པ་དེ་འདྲ་མཉམ་མིན་པའི་དཔང་རྟགས་སུ་བརྩི་བཞིན་ཡོད་ཀྱང། ཤེས་ཡོན་དང་ནུས་སྟོབས་ཀྱི་ཐོག་ནས་ཁྱོ་ཀ་ལས་ལྷག་ཅིག་བྱས་ནས་དཀའ་ངལ་དེ་སེལ་ཐུབ་པའི་སྤོབས་པ་དང་སེམས་ཤུགས་ཡོད་པ་ཞིག་བྱེད་དགོས།

མདོར་ན་སྤྱི་ཚོགས་ཤིག་ཡར་རྒྱས་སུ་འགྲོ་བ་ལ་ཕོ་མོ་གཉིས་ཀའི་ནུས་སྟོབས་འདྲ་མཉམ་ཆགས་ཐུབ་དགོས་པ་དང། དེ་ལྟར་ཡོང་བར་བྱེད་པ་ལ་གཙོ་བོ་ཤེས་ཡོན་དང། བསམ་བློ། སྤོབས་པ་བཅས་ཀྱི་ཐོག་ནས་འདྲ་མཉམ་སླེབས་ཐུབ་པ་བྱེད་དགོས། བོད་པའི་ལོ་རྒྱུས་ནང་བུད་མེད་ལ་ཤེས་ཡོན་སྦྱངས་པའི་ལམ་སྲོལ་ཧ་ཅང་དཀོན་པས་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་ཤུགས་དེ་ཙམ་ཐོན་ཐུབ་མེད་ཀྱང། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ཞིག་དང་བསྡུར་ན་ཆེད་དུ་དབྱེ་འབྱེད་དང། བུད་མེད་ལ་ཐུབ་ཚོད་བཏང་བའི་ལོ་རྒྱུས་ནི་དཀོན་པོ་ཡིན། དེང་སྐབས་ནུབ་ཕྱོགས་སུ་ཕོ་མོ་འདྲ་མཉམ་གྱི་སྐད་ཆ་ཧ་ཅང་མང་བ་དང། གནས་སྟངས་ཀྱང་བཟང་བ་ལྟ་བུའི་རང་བཞིན་ཞིག་ཡོད་ཀྱང། འདྲ་མཉམ་རྩོད་དགོས་པ་དེ་ལོ་རྒྱུས་ཀྱི་མནར་གཅོད་བརྒྱུད་ནས་བྱུང་བ་ཞིག་ཡིན་པ་དང། ད་ལྟའི་གནས་སྟངས་དེ་དམིགས་བསལ་གཞན་ཞིག་གིས་སྤྲད་ཡོང་བ་ཞིག་མ་ཡིན་པར་ཤེས་ཡོན་གཞི་རྩར་བཟུང་བའི་ཐོག་ནས་རྒྱུ་ནོར་གྱི་སྟོབས་དང། དབང་ཚད་ཀྱི་ཤུགས་ཞེས་པ་ལྟར་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་པ་རྣམས་ལ་གཅིག་མཚུངས་བཟོ་ཐུབ་པའི་གནས་སྟངས་ལ་བརྟེན་ནས་བྱུང་ཡོད་པ་ཧ་ཅང་གསལ་པོར་གྱུར་ཡོད།།

Share this:
༦༨༣ ཀློག་གྲངས།