བོད་ནང་དུ་མོ་ཊ་གདོང་ཐུག་བརྒྱབ་སྟེ་མི་༤༤ རྐྱེན་འདས།

ཟླ་འདིའི་ཕྱི་ཚེས་༩ ཉིན་བོད་ནང་དུ་མོ་ཊ་གསུམ་གདོང་ཐུག་བརྒྱབ་སྟེ་མི་༤༤ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༡༡ ལ་རྨས་སྐྱོན་བཟོས་འདུག

རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་ཕྱི་དྲོར། བོད་ལྗོངས་སྙེ་མོ་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་ཀྱི་ལུང་གཤོངས་ཤིག་ཏུ་འགྲིམ་འགྲུལ་གྱི་ཆག་སྒོ་དེ་བྱུང་ཡོད་པ་དང་། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་རླངས་འཁོར་ཆུང་བ་SUV རྟགས་ཅན་གཉིས། དོས་སྐྱེལ་འཕྲུལ་འཁོར་ཆུང་བ་ཞིག་ལ་གདོང་ཐུག་བརྒྱབ་སྟེ། མོ་ཊ་གསུམ་ཀའི་ནང་དུ་ཁྱོན་མི་༥༥ ཡོད་པའི་ཁྲོད་མི་༤༤ རྐྱེན་ལམ་དུ་སོང་ཡོད་པ་དང་། མི་༡༡ ལ་རྨས་སྐྱོན་ཕོག་ཡོད་པ་རེད།

140809192853_tibet_512x288_xinhuaཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་དེ་གདོང་ཐུག་བརྒྱབ་པའི་རྗེས་ལམ་ཟུར་གྱི་མི་ཊར་༡༠ ལྷག་ཡོད་པའི་བྲག་རོང་དུ་ཟགས་ཡོད་ཅིང་། གནས་ཚུལ་ནང་ཐོན་པ་ལྟར་ན། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་དེ་ནི་བོད་ཀྱི་ལྗོངས་རྒྱུ་ལས་ཁུངས་ཤིག་གི་ཡིན་པ་དང་། རླངས་འཁོར་དེའི་ནང་འགྲུལ་པ་༥༠ ཡོད་པའི་ཁྲོད་རྒྱ་ནག་ཨན་ཝེ་དང་ཧྲང་ཧེ། ཧྲེ་ཏོང་། ཧི་པན་སོགས་ནས་སླེབས་པའི་ཡུལ་སྐོར་བ་ཡིན་འདུག

དེ་བཞིན་རླངས་འཁོར་ཆུང་བའི་ནང་དུ་མི་༤ དང་དོས་རྐྱེལ་འཁྲུལ་འཁོར་ཆུང་བའི་ནང་དུ་མི་༡ བཅས་ཡོད་འདུག་ལ། རྨས་སྐྱོན་ཕོག་པ་རྣམས་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་པ་དང་། གནས་སྐབས་རིང་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད།

ད་ལྟའི་ཆར་འགྲིམ་འགྲུལ་ཆག་སྒོ་དེའི་བྱུང་རྐྱེན་ཅི་ཡིན་ཁ་གསལ་ཤེས་རྟོགས་ཐུབ་མེད་པ་རེད།།

Share this:
༥༡ ཀློག་གྲངས།