གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐོག་ས་གནས་བརྒྱད་ཞུགས་མི་འདུག

ཕྱི་ཟླ་༨ ཚེས་༡༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པ་དེ་འབྲས་ལྗོངས་སྒང་ཏོག ཆོལ་གསུམ་ཚོགས་ཁང་ནང་དུ་འགོ་འཛུགས་བྱས་པ་དང་། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་བློན་ཆེན་གྱི་སྐུ་ཚབ་འབྲས་ལྗོངས་ཤེས་རིག་བློན་ཆེན་དང་། དམིགས་གསལ་སྐུ་མགྲོན་བཀའ་ཟུར་རྒྱལ་ལོ་དོན་གྲུབ། སྒང་ཏོག་ཉེན་རྟོག་པའི་སྤྱི་ཁྱབ་འགོ་འཛིན། འབྲས་ལྗོངས་ཀྱི་གྲོས་ཚོགས་ཚོགས་གཞོན་དང་། བོད་མིའི་ས་གནས་འགོ་འཛིན་དང་། ཚོགས་སྡེ་དགོན་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།

གཞོན་ལྷན་གྱི་འདྲ་པར། TYC
གཞོན་ལྷན་གྱི་འདྲ་པར། TYC

སྐུ་མགྲོན་གཙོ་བོ་འབྲས་ལྗོངས་ཤེས་རིག་བློན་ཆེན་སྐུ་ཞབས་སཱ་བྷས་(R B Subba) གཏམ་བཤད་གནང་སྐབས། ༧གོང་ས་མཆོག་ཀྱང་སྒང་ཏོག་ནང་ཆིབས་བསྒྱུར་བསྐྱངས་བ་དང་། འདི་གའི་ས་གནས་ཀྱི་མི་མང་དང་བོད་མིའི་དབར་འབྲེལ་ལམ་ཡག་པོ་ཡོད་པ། གཞོན་ནུའི་ཚོགས་འདུ་དེ་བཞིན་སྒང་ཏོག་ནང་ཚོགས་ཐུབ་པར་དགའ་པོ་བྱུང་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ཁག་འགྲུབ་ནས་གང་མགྱོགས་བོད་ལ་ལོག་ཐུབ་པའི་སྨོན་འདུན་ཡོད་སྐོར་གསུངས་པ་དང་། ཁོང་གིས། སྤྱིར་གཞོན་སྐྱེས་ནི་མ་འོངས་པའི་བདག་པོ་ཡིན་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་ཧ་ཅང་གི་གལ་ཆེན་ཡིན་པ་དང། བོད་རྒྱལ་ཁབ་དང་མི་རིགས་ལ་ད་བར་ཞབས་ཞུ་སྒྲུབ་པ་དང་། མ་འོངས་པར་ཡང་གཞོན་ནུའི་ལས་དོན་ཁག་ལམ་ལྷོང་ཡོང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

གཞོན་ལྷན་གྱི་འདྲ་པར། TYC
གཞོན་ལྷན་གྱི་འདྲ་པར། TYC

དམིགས་བསལ་སྐུ་མགྲོན་བཀའ་ཟུར་རྒྱལ་ལོ་དོན་གྲུབ་ཀྱིས་གསུང་བཤད་གནང་སྐབས། ༧གོང་ས་མཆོག་གིས་སྐུ་ལས་ཚད་མེད་སྐྱོན་ཀྱང་། རྒྱ་ནག་དམར་གཞུང་གིས་དེ་དག་ལ་བཟང་ཕྱོགས་ཀྱི་ཡ་ལན་རྩ་བ་ནས་སྤྲད་མེད་པ་མ་ཟད། ༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་། བོད་མི་རྣམས་ལ་དུས་རྟགས་ཏུ་དཀའ་ངལ་ཚད་མེད་བཟོ་བཞིན་ཡོད་པ། རྒྱ་ནག་ལ་ལོ་ངོ་༥༠ ལྷག་གི་ནང་འགྱུར་བ་གང་ཡང་སོང་མེད་པ་དང་། འགྱུར་བ་གཅིག་སོང་བ་དེ་ནི་མི་མང་གིས་དམར་ཤོག་སྲིད་གཞུང་ལ་ཡིད་ཆེས་མི་བྱེད་པ་དང་། རེ་བ་མི་བྱེད་པ་དེ་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས། མ་འོངས་པར་འགྱུར་བ་གང་འདྲ་འགྲོ་རྒྱུ་ཡིན་པ་བཤད་དཀའ་ཡང་། ང་ཚོའི་ངོས་ནས་གྲ་སྒྲིག་དགོས་པ་དང། ལྷག་པར་ད་ལྟ་ང་ཚོ་ལོ་ན་རྒས་སོང་བས་ཁྱེད་རང་གཞོན་སྐྱེས་ཚོས་འགན་འཁུར་ནས་ལས་ཀ་བྱེད་དགོས་ཀྱི་ཡོད་པ། དེ་ཡང་རྒྱ་ནག་དང་རྒྱ་གར་སོགས་ཀྱི་གནས་སྟངས་ཤེས་རྟོགས་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། ད་དུང་ཁོང་གིས། ད་ལྟ་ཁ་ཤས་ཀྱིས་རང་སྲིད་རང་སྐྱོད་དགོས་ཟེར་བ་དང། ཁ་ཤས་ཀྱིས་རང་བཙན་དགོས་ཟེར་གྱི་ཡོད་པ་རེད། བསམ་ཚུལ་མི་འདྲ་བ་མང་པོ་ཡོད་པ་དེ་ངས་ཡག་པོ་མཐོང་གི་ཡོད་ཅེས་སོགས་གསུངས་ཡོད་པ་རེད།
ཚོགས་ཐོག་ཏུ་གཞོན་ལྷན་གྱི་ངོས་ནས་སྐུ་མགྲོན་རྣམས་ལ་དམིགས་བསལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་རེ་ཕུལ་ཡོད་པ་རེད།

ཚོགས་འདུ་དེ་ཉིན་དྲུག་རིང་འཚོག་གི་ཡོད་པ་དང་། ས་གནས་ཁག་༣༥ ནས་སྐུ་ཚབ་ཚོགས་ཞུགས་པ་༡༡༠ ཙམ་བྱུང་ཡོད་པ་རེད།

གཞོན་ལྷན་གྱི་འདྲ་པར། TYC
གཞོན་ལྷན་གྱི་འདྲ་པར། TYC

ལོ་སྔོན་མ་གཞོན་ལྷན་གྱི་ཚོགས་ཆེན་ཐོག་ཚོགས་པའི་ཆབ་སྲིད་ལྟ་བ་དབུ་མའི་ལམ་དུ་སྒྱུར་དགོས་སྐོར་བརྗོད་དེ། ཚོགས་ཐོག་ནས་ཕྱི་ལ་ཐོན་པའི་ས་གནས་བརྒྱད་དེ་ད་ཐེངས་འགན་འཛིན་ལྷན་ཚོགས་ཐོག་ཞུགས་མེད་པ་རེད། གནས་ཚུལ་དེའི་སྐོར་གཞོན་ལྷན་དྲུང་ཆེ་ལམ་བཟང་ལ་གནས་འདྲི་བྱས་པར། ཁོང་གིས། གཞོན་ལྷན་དབུས་རྒྱུན་ནས་ས་གནས་ཁག་བརྒྱད་ལ་ཚོགས་འདུར་མཉམ་ཞུགས་དགོས་པའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་ཀྱང་། ཚོགས་ཐོག་ཏུ་ཕེབས་མ་སོང་། དེར་བརྟེན། ཚོགས་འདུའི་ཐོག་གཞོན་ལྷན་གྱི་སྒྲིག་འཛུགས་སྲ་བརྟན་གནས་ཐབས་སྐོར་ལ་བགྲོ་གླེང་གྲོས་ཆོད་དགོས་པ་དང་། ཚོགས་འདུ་ཉིན་དྲུག་པར་ས་གནས་ཁག་བརྒྱད་ཀྱི་སྐོར་ལ་གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་གནང་རྒྱུ་རེད་ཅེས་གསུངས་སོང་།

ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཐོག གཞོན་ལྷན་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་བྱེད་རྒྱུ་དང་།
སྔོན་མ་གྲོས་ཆོད་བཞག་པའི་ལས་དོན་ཁག་ལག་བསྟར་བྱེད་ཐུབ་ཡོད་མེད་སྐོར་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད།
དེ་བཞིན་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་གཞི་གཞོན་ལྷན་གྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར་ལ་བགྲོ་གླེང་གནང་གི་ཡོད་པ་རེད།

ཀ༽ བོད་དེ་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པའི་དངོས་ཡོད་ཀྱི་ལོ་རྒྱུས་དག་བོད་མི་དང་རྒྱལ་སྤྱིའི་མི་མང། ལྷག་པར་དུ་རྒྱལ་སྤྱིའི་མཐོ་སློབ་ཁག་གི་སློབ་མ་ནས་མཁྱེན་རྟོགས་ཆེད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
ཁ༽ ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དེ་བཞིན་བོད་ཀྱི་བདེན་དོན་འཐབ་རྩོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་ཁག  གཞན་ཡང་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང།  མི་མང་བཅས་ནས་རྒྱབ་སྐྱོར་ཡོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

ག༽རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་དཀའ་ངལ་མྱོང་བཞིན་པའི་རྒྱལ་ཁབ་དང་མི་རིགས་ཁག་གི་ལྷན་མཐུན་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
ང༽རྒྱ་ནག་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་། མི་སེར་སྤེལ་བའི་སྡུག་རྩུབ་ཅན་གྱི་སྲིད་ཇུས་འོག་བོད་ཀྱི་སྣོད་བཅུད་གཉིས་ལ་ཚད་ལས་འདས་པའི་གཏོར་བརླགས་གཏོང་བཞིན་པར་གདོང་ལེན་བྱེད་ཕྱོགས་ཇི་དགེའི་སྐོར།

ཅ༽ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་དང། དེ་བཞིན་རྒྱ་གཞུང་གིས་འཛིན་བཟུང་འོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་གློད་གྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།གྲོས་གཞི་དོན་ཚན་བཞི་པ།
བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་བོད་ཕྱི་ནང་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་སྐུ་ལུས་མེར་བསྲེགས་སོགས་བརླབས་ཆེ་བའི་བློས་གཏོང་གི་ལས་འགུལ་བསྟུད་མར་སྤེལ་བཞིན་པའི་དགོས་འདུན་ཁག་སྒྲུབ་ཐབས་སུ་གཞོན་ལྷན་གྱིས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

གྲོས་གཞི་དོན་ཚན་ལྔ་པ།
རང་རེའི་མི་རབས་གསར་པ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་གཤིས་སྤྱོད་བཟང་པོ་རྣམས་རྒྱུན་གནས་ཐུབ་ཐབས་སུ་གཞོན་ལྷན་ནས་འགན་འཁུར་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་གཞི་དོན་ཚན་དྲུག་པ།

༧རྒྱལ་བའི་སྐུ་ཕྱྭའི་ཐོག་འགན་འཁུར་ཞུ་ཕྱོགས།
ཀ༽ བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐད་གཞོན་ལྷན་ནས་དམིགས་བསལ་འགན་འཁུར་ཞུ་ཕྱོགས་ཇེ་དགེའི་སྐོར།
ཁ༽ དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ནས་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྒྲོ་འདོགས་ཀྱི་ཉེས་འཛུགས་བྱེད་བཞིན་པར་གཞོན་ལྷན་ནས་གདོང་ལེན་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་གཞི་དོན་ཚན་བདུན་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་སྒྲིག་འཛུགས་སྲ་བརྟན་དང་། ལས་དོན་བྱེད་ཕྱོགས།  དེ་བཞིན་འབྲེལ་ལམ་ཡར་རྒྱས་ཚགས་ཚུད་གོང་འཕེལ་གཏོང་ཕྱོགས་ཇི་དགེའི་སྐོར། །།

Share this:
༥༣ ཀློག་གྲངས།