འདན་མ་ས་གནས་ཀྱི་བོད་མི་འཇུ་བཟུང་དང་མི་མང་ལ་དྲག་གནོན།

ཟླ་འདིའི་༡༡ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་ཁམས་སེལ་ཤུལ་རྫོང་། འདན་མ་(ལོ་ཕྱུག་)ཤུག་པ་སྡེ་པའི་དབང་གྲགས་རྒྱ་གཞུང་གིས་འཇུ་བཟུང་བྱས་པར་བརྟེན། ཕྱི་ཚེས་༡༢ ཉིན་མི་མང་གིས་ཁོང་གློད་གྲོལ་དགོས་པའི་ངོ་རྒོལ་བྱེད་སྐབས། མི་མང་ལ་དྲག་གནོན་བྱས་ཡོད་པའི་གནས་ཚུལ་འདུག

10406757_490472597722823_3947616688623668395_nདེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཁམས་སེར་ཤུལ་རྫོང་ཐོག་ཏུ་རྒྱ་ནག་ནས་དཔོན་པོ་ཁག་གཅིག་འབྱོར་གྱི་ཡོད་པ་ལྟར། རྫོང་དང་ཁུལ་རིམ་པ་ནས་སྡེ་དགེ་འདན་མ། ཤུག་པ་སྡེ་བ་སོགས་ལ་བྲོ་འཁྲབ་མཁན་ཡོང་དགོས་པའི་བཀོད་ཁྱབ་གཏོང་སྐབས། བྲོ་པ་བུ་མོ་ཁག་ཅིག་ལ་ཁུལ་གྱི་དཔོན་པོ་འགས་བརྙས་བཅོས་བྱས་པ་དང་། བྲོ་བ་ཚོས་རང་གི་སྡེ་དཔོན་དབང་གྲགས་ལ་ཞུས་ནས། ཁོང་གིས་དེ་འདྲའི་མཐོང་ཆུང་བརྙས་བཅོས་བྱེད་དོན་ཅི་ཡིན་ཞེས་གཞུང་གི་ལས་བྱེད་རྣམས་ལ་གནས་ལུགས་བཤད་དེ་རྩོད་པ་ཤོར་ཡོད་འདུག  སྐབས་དེ་དག་ཏུ་ཉེ་ཆར་འདན་མའི་རྟ་རྒྱུགས་དང་། བསང་གསོལ་གྱི་སྲོལ་རྒྱུན་བྱེད་སྒོ་ཁག་ལ་རྫོང་དང་ཁུལ་རིམ་པས་ཆོག་མཆན་སྤྲད་མེད་ཀྱང་། ཁྲིམས་འགལ་གྱི་ལས་ཀ་བྱས་སོང་ཞེས་པ་སོགས་ཀྱི་སྐད་ཆ་བྱུང་ཡོད་འདུག་ལ། དབང་གྲགས་ཀྱིས། བསང་གསོལ་དང་རྟ་རྒྱུགས་ནི། གནའ་ནས་བོད་ལ་དར་བའི་ཆོས་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་གལ་ཆེན་རིགས་ཡིན་པས། ཆོས་ལུགས་དད་པ་རང་མོས་ཡིན་དུས། སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ཁྲིམས་འགལ་ཡིན་པ་ངོས་ལེན་མེད་ལུགས་སོགས་བཤད་ཡོད་འདུག གནས་སྟངས་དེ་འདྲའི་འོག་ཕྱི་ཟླ་༨ ཚེས་ ༡༡ དགོང་མོ་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་སྡེ་དཔོན་དབང་གྲགས་ཁོང་གི་རང་ཁྱིམ་ནས་རྒྱ་གཞུང་གིས་ལྐོག་ཏུ་བཙན་ཁྲིད་བྱས་ཟིན་ཡོད་འདུག

དབང་གྲགས་
དབང་གྲགས་

ཕྱི་ཚེས་ ༡༢ ཉིན་མང་ཚོགས་ཀྱིས་གནས་ཚུལ་དེ་ཧ་གོ་བ་དང་། ལོ་ཕྱུག་ཁུལ་དུ་མི་མང་བརྒྱ་ཕྲག་ལྷག་འཛོམས་ནས་ང་ཚོའི་སྡེ་དཔོན་ཉེས་མེད་ཐོག་བཙན་ཁྲིད་བྱས་པ་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་པ་ན། སེར་ཤུལ་རྫོང་ཐོག་ནས་དམག་དམག་ཡོང་སྟེ། མང་ཚོགས་ཁྲོད་དུག་རྫས་གཏོར་པ་དང་། གང་སར་མེ་མདའ་བརྒྱབ་ནས་དབང་གྲགས་ཀྱི་བུ་ལ་མདེའུ་གཉིས་དང་། དབང་གྲགས་ཀྱི་སྤུན་མཆེད་བཟང་པོ་ལའང་མདེའུ་གཉིས་བརྒྱབ་ཡོད་འདུག དེ་བཞིན་བོད་མི་བཅུ་ཡས་མས་ཙམ་ཤི་གསོན་ཅི་འགྱུར་མི་ཤེས་པའི་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

དེ་བཞིན་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། མཚན་མོ་དམག་མིའི་རླངས་འཁོར་མང་པོ་ཞིག་འབྱོར་ཡོད་འདུག ཕྱི་ཚེས་ ༡༣ ཉིན་ཤུག་པ་སྡེ་པ་ཡོངས་དམག་མིས་སྐོར་ཟིན་པ་དང་། ཕོ་སར་ཕལ་མོ་ཆེ་རི་མགོ་སོགས་སུ་བྲོས་ཟིན་ཡོད་འདུག ཤུལ་ལུས་ནང་མི་དང་བུད་མེད་ཚོར་བཅར་རྡུང་ཐོག འདྲི་བརྩད་ཚ་ནན་བྱེད་ཀྱི་ཡོད་པ་སོགས་ཀྱི་ཛ་དྲག་གནས་ཚུལ་ཆགས་ཡོད་པ་རེད།

མི་མང་ལ་དྲག་གནོན་བྱས་པ།
མི་མང་ལ་དྲག་གནོན་བྱས་པ།

དེ་དང་འབྲེལ་ལོ་ཤས་སྔོན་བོད་ནང་གི་མེར་སྲེག་གི་དོན་རྐྱེན་བྱུང་སྐབས། སེར་ཤུལ་རྫོང་ཐོག་ཏུ་བྲོ་འཁྲབ་གླུ་ལེན་གྱི་མཛད་སྒོ་སྤེལ་ནས། ཤུག་པ་སྡེ་བའང་ཡོང་དགོས་པའི་བཀོད་ཁྱབ་ལ་ངོས་ལེན་མ་བྱས་པའི་གནས་སྟངས་ཀྱང་བྱུང་མྱོང་ཡོད་འདུག

དབང་གྲགས་ནི། ལོ་ན་ ༤༥ ཡས་མས་ཙམ་དང་། སེལ་ཤུལ་རྫོང་ཁོངས། སྡེ་དགེ་འདན་མ། ལོ་ཕྱུག ཤུག་པ་གྲོང་སྡེའི་སྡེ་དཔོན་དང་། འདན་མའི་རྟ་རྒྱུགས་ཀྱི་འགན་འཛིན་ཡང་ཡིན་པ་རེད། ནམ་རྒྱུན་མི་མང་ཉམ་ཐག་དང་། གཞན་གྱིས་བརྙས་བཅོས་གཏོང་ས་དག་ལ་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་བྱེད་མཁན་གྱི་བོད་མི་ཞིག་ཡིན་པའི་གནས་ཚུལ་འདུག །

Share this:
༧༢ ཀློག་གྲངས།