རྒྱ་བོད་བར་དུ་ཐག་གཅོད་དོན་ཕན་ལྡན་པ་ཞིག་མ་བྱུང་བར་རང་བཙན་རྩོད་དགོས།

ཆོས་ཉིད་འོད་ཟེར།    དྷ་ས།
རྒྱ་བོད་བར་གྲོས་མཐུན་དོན་ཚོན་བཅུ་བདུན་ ཞེས་པ་བཙན་འོག་ནས་བཞག་སྟེ་ལོ་༦༣ ཟིན་ལ་ཉེ་བ་དང་། རྒྱ་གཞུང་གི་དབང་བསྒྱུར་ལ་རྒྱལ་ས་ལྷ་སར་མི་མང་གིས་ངོ་རྒོལ་ཡར་ལངས་བྱས་ཏེ། ལོ་ངོ་༥༥ འཁོར་བའི་སྐབས་འདིར་ཡང་། རྒྱ་ནག་གི་དྲག་གནོན་མཚམས་འཇོག་མྱོང་མེད་ལ། བོད་མི་དམར་གསོད་དང་བཙོན་འཇུག་བྱས་པ་གྲངས་ལས་འདས་པར་བརྟེན། བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གིས་མཚོན་རྒྱ་རྒོལ་ལས་འགུལ་རྒྱུན་ཆད་ མྱོང་མེད།

༡ བོད་མིའི་ངོ་རྒོལ་ནི་འགྲོ་བ་མིའི་ཐོབ་ཐང་དང་། ས་ཆ་དང་རྒྱལ་ཁབ་ཀྱི་བདག་དབང་ཆེད་དུ་ཡིན་པ་མ་ཟད། ལས་འགུལ་གྱི་ངོ་བོ་འཚེ་མེད་ཞི་བ་ཁོ་ན་ཡིན་ཞེས་བརྗོད་ཆོག། དེང་སྐབས་རྒྱལ་སྤྱིའི་ཐོག་ཉམ་ཆུང་མི་མང་གིས་སྲིད་དབང་སྒེར་གཅོད་པ་དང། རྒྱལ་ཁབ་དབང་བསྒྱུར་བར་ངོ་རྒོལ་བྱེད་སྐབས། དབང་འཛིན་པས་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་འདོགས་པ་ནི་དྲག་གནོན་བྱེད་ ཐབས་ཀྱི་ཁ་གཡར་ས་གཙོ་བོ་རེད། འོན་ཀྱང་བདག་དབང་རྩོད་ལེན་གྱི་ཆབ་སྲིད་ལས་འགུལ་ནང་གཞུང་གི་དམག་མི་དང་ཉེན་ རྟོག་པ་སོགས་དང། དེའི་ཤོག་ཁག་གིས་དྲག་གནོན་བྱེད་སྐབས་རྡོ་དང་དབྱུག་པ་གཞུས་པ་དང་། འཛུགས་སྐྲུན་ལ་གཏོར་བཤིག་བཏང་བ་སོགས་ཀྱི་ལས་འགུལ་ཙག་ཙིག་ནི་འཇིགས་སྐུལ་རིང་ ལུགས་པ་མ་ཡིན་པར། སོ་སོའི་བདག་དབང་རྩོད་ལེན་དང། རང་སྲོག་སྲུང་སྐྱོབ་ཀྱི་ཆེད་དུ་རེད། དེ་ནི་དོན་མེད་མི་མང་དམར་གསོད་སོགས་ཀྱི་འཇིགས་སྐུལ་ལས་འགུལ་དང་བསྡུར་ཐབས་ ཡེ་ནས་མེད། ཡིན་ཡང་བོད་མི་རིགས་འཇིགས་སྐུལ་བ་ཟེར་བ་དང་། འཚེ་བའི་ལས་འགུལ་ཟེར་བའི་ཉེས་མིང་ལ་ཞེད་སྣང་ཡོད་པ་འདྲ།

དོན་མེད་མི་མང་ལ་བརྡབ་གསིག་མ་བཟོས་པར་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ་ནི་ འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བའི་༧གོང་ས་མཆོག་གིས་དབུ་ཁྲིད་པའི་ མི་མང་གི་བཟང་སྤྱོད་རེད། སྔོན་མ་བོད་པའི་གཏམ་དཔེར་“རང་རྒྱུའི་དོན་དུ་རང་སྲོག་གཏོང་དགོས་”ཟེར་བ་དང་། “ཤ་ལན་ལ་ཤ་དང་ཁྲག་ལན་ལ་ཁྲག་”ཟེར་བ་དཔའ་བོ་རྒན་པ་ཚོའི་ངག་རྒྱུན་དུ་འདུག་མོད། ད་ལྟ་དེ་འདྲ་རེད་མི་འདུག བོད་མི་རིགས་ཀྱི་བདག་དབང་ཆེད་དུ་རང་སྲོག་བློས་གཏོང་གིས་རང་ལུས་མེར་སྲེག་ གཏོང་བ་དང་། རྒྱ་ནག་གི་བཙོན་ཁང་དུ་འཛུལ་བ་སོགས་བྱས་ཏེ། ཕ་རོལ་དགྲ་བོའི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་པ་མེད་པའི་ལས་འགུལ་ནི་རྒྱལ་ སྤྱིའི་ཐོག་ནས་ཆབ་སྲིད་ཀྱི་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ལ་ངོས་འཛིན་ བྱེད་ཆོག

རྒྱ་ནག་གི་བོད་མི་ལས་འགུལ་བ་རྣམས་དྲག་སྤྱོད་པ་དང་། ཕྱི་རྒྱལ་ཁ་བྲལ་བའི་བཀོད་ཇུས་འོག་ཡོང་གི་ཡོད་པ་རེད་ཅེས་༧གོང་ས་མཆོག་དང་བོད་ གཞུང་ལ་ཉེས་འཛུགས་ཁོ་ན་བྱེད་ཀྱི་ཡོད། འོན་ཀྱང་༧གོང་ས་མཆོག་གི་དུས་རྒྱུན་གྱི་འཚེ་བ་མེད་པའི་ལམ་སྟོན་ཁག་ལ་བོད་མི་ རིགས་ཀྱིས་ཚད་མཐོའི་གདེངས་འཇོག་བྱེད་ཀྱི་ཡོད་ལ། དེ་བས་མིའི་བརྒྱུད་སྐུལ་འོག་ཏུ་རང་སྲོག་བློས་གཏོང་ཐུབ་ཀྱི་རེད་དམ། རྒྱ་ནག་གཞུང་གི་འོག་ཏུ་བདེ་སྐྱིད་ཡོད་ན། དེ་ལོངས་སུ་མ་སྤྱོད་པར་རང་སྲོག་བློས་གཏོང་བྱེད་ཀྱི་རེད་དམ། རྒྱ་ནག་གི་བརྒྱུད་སྐུལ་ལ་ཉན་ནས་རང་སྲོག་གཏོང་མཁན་ཡོད་དམ། བོད་མིའི་ལས་འགུལ་ནི་བདག་དབང་གི་ཆེད་དང་བཙན་གནོན་འོག་ནས་དཀའ་ངལ་མ་བཟོད་པར་ བྱུང་བ་རེད།

༢ བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་ གྲོས་མོལ་ཞི་འགྲིག་ཡོང་ཐབས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་འོག་ཏུ་“བོད་རིགས་ཡོངས་ལ་ས་གནས་མི་རིགས་རང་སྐྱོང་ མིང་དོན་མཚུངས་པ་”ཞིག་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད། དེའི་ཆེད་དུ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་གྲོས་མོལ་ ཐེངས་མང་བྱས་ཏེ། དགོས་འདུན་ཁག་ཡིག་ཐོག་ནས་སྤྲད་ཟིན་ཡང་། རྒྱ་ནག་གཞུང་གིས་བསྙོན་འཛུགས་ཁོ་ན་བྱེད་པ་ལས་ཡ་ལན་གང་ཡང་བྱས་མེད།

དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་མཐའ་གཉིས་ནི། ད་ལྟ་བོད་རྒྱ་ནག་གི་བཙན་འོག་ཏུ་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་ཆེན་པོའི་བདག་དབང་གཉིས་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་མི་སྒེར་པ་མང་པོས་རང་བཙན་རྩོད་ལེན་དགོས་ པའི་ལས་འགུལ་སྤེལ་བཞིན་ཡོད་ལ། རྒྱ་ནག་གིས་མུ་མཐུད་བོད་དྲག་གནོན་འོག་བཟུང་ཡོད། ཕྱོགས་གཉིས་ཀྱི་དབུ་ཁྲིད་བར་ཞི་འགྲིག་སྐབས་མི་མང་གིས་རང་བཙན་བཤད་ན་ཞི་ འགྲིག་ལ་གང་ཡང་གནོད་ཀྱི་མེད། ཞི་འགྲིག་གི་མཐའ་མའི་གྲུབ་དོན་གང་ཡིན་མཐོང་བའི་ཉིན་ཁས་ལེན་དགོས་མིན་ལྟ་ཆོག་ པ་ལས། དེའི་སྔོན་རང་བཙན་འཐབ་རྩོད་མཚམས་བཞག་པ་ཡིན་ན། དབུ་མའི་ལམ་གྱི་མཐའ་དང་དབུས་ཞེས་པ་ཡང་གཞི་འཛིན་ས་མེད་པ་ཆགས་ཀྱི་རེད་ལ། རིམ་པས་བོད་མི་རིགས་ཀྱི་འཐབ་རྩོད་དེ་རྒྱ་ནག་གི་བཙན་འོག་ནས་རྩ་མེད་ཆགས་ཀྱི་ རེད།

༣ རང་བཙན་འཐབ་རྩོད་བྱས་ན་ཡོང་ཐབས་མེད་པའི་རྒྱུ་མཚན་བཤད་མཁན་མང་པོ་ཡོད་ལ། གཅིག་ནི་བོད་ནང་དུ་གནས་སྡོད་བྱས་པའི་རྒྱ་རིགས་བོད་རིགས་ལས་མང་བ་ཆགས་ཀྱི་ ཡོད་པས། རྒྱ་རིགས་ཚོ་ཕྱིར་འཕུད་ཐུབ་ཀྱི་མ་རེད་ཟེར། རང་བཙན་ཐོབ་ན་བོད་ནང་གནས་སྡོད་བྱས་པའི་རྒྱ་རིགས་ཀྱིས་མཚོན་མི་རིགས་གཞན་ རྣམས་ཕྱིར་འཕུད་དགོས་དོན་གང་ཡང་མེད། མི་རིགས་མཉམ་གནས་ཀྱི་རྒྱལ་ཁབ་ཧ་ཅང་མང་པོ་རེད།

དངོས་གནས་བཤད་ན་རྒྱལ་ཁབ་གཅིག་གི་འོག་ནས་ས་གནས་མི་རིགས་རང་སྐྱོང་ནི་ཆོས་ དང་སྐད་ཡིག་གཅིག་པ་ཡིན་པའི་མི་རིགས་གཅིག་ཁོ་ན་ཡིན་དགོས་ལ། ས་གནས་མི་རིགས་རང་སྐྱོང་གི་སྲིད་གཞུང་འོག་ས་གནས་ཀྱི་མི་རིགས་ལས་མི་རིགས་ གཞན་པ་མང་བའི་རང་སྐྱོང་ཞིག་ཡོང་ཐབས་མེད། དེས་ན་བཙན་བྱོལ་བོད་གཞུང་གིས་རྩོད་བཞིན་པའི་“ས་གནས་མི་རིགས་རང་སྐྱོང་མིང་ དོན་མཚུངས་པ་”ཞིག་ཡོང་དགོས་ན། བོད་ནང་གི་རྒྱ་རིགས་ཚོ་ཕྱིར་འཕུད་དགོས་ངེས་ལྟ་བུ་རེད།

༤ བོད་རང་བཙན་རྩོད་དགོས་ན་བོད་པར་དམག་དང་མཚོན་ཆ་མེད་པས་ཡོང་ཐབས་མེད་སྐོར་ བརྗོད་ཀྱི་འདུག བོད་རང་བཙན་རྩོད་པ་ནི་དྲག་སྤྱོད་དང་དམག་འཐབ་ཁོ་ན་ཡིན་དགོས་དོན་མེད་ལ། ལོ་རྒྱུས་ཐོག་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཏེ་རང་བཙན་ལེན་མཁན་མང་པོ་ཡོད། བདག་ཉིད་ཆེན་པོ་གཱན་དྷི་རྗེ་ནི་དཔེ་མཚོན་ལས་སླ་ཤོས་དེ་རེད་ལ། ཁོང་གིས་སྣེ་ཁྲིད་འོག་འཚེ་མེད་ཞི་བའི་ལས་འགུལ་འཆར་གཞི་ལྡན་པའི་ཐོག་སྤེལ་བ་ རེད།

བོད་ནང་གི་ལས་འགུལ་བས་༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་དང་། ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱི་ཡོད་པ་ལས་རང་བཙན་བཤད་མཁན་ཉུང་ཉུང་རེད་ཅེས་བཤད་ མཁན་འདུག རྒྱ་ནག་གི་བཙན་འོག་ནས་རང་བཙན་མ་བཤད་པར་བོད་དོན་ལས་འགུལ་སྤེལ་ན་ཅུང་གུ་ཡངས་ པོ་ཡོང་བར་རེ་བ་རྒྱག་མཁན་ཡོད་སྲིད་ལ། དེ་ཡང་རྒྱ་ནག་གི་རྩ་ཁྲིམས་ཀྱི་འོག་ཏུ་ཐོབ་ཐང་ཡོད་པ་ཁག་རྩོད་ངེས་རེད། དེ་བས་དབང་བསྒྱུར་བར་ཁ་གཏད་གཅོག་སྐབས་མཐའ་གཅིག་ཏུ་“རང་དབང་རང་བཙན་”ཞེས་སྐད་ འབོད་དགོས་དོན་མེད་ལ། མཐར་གཏུག་ན་བོད་མིའི་ལས་འགུལ་ཚང་མ་བདག་དབང་གི་དོན་དག་རེད།

བདག་ཉིད་ཆེན་པོ་གཱན་དྷི་རྗེས་མི་མང་གི་འགོ་ཁྲིད་དེ་ཚྭ་ལེན་དུ་འགྲོ་བའི་ ལས་འགུལ་སྤེལ་བ་རེད། དེ་ནི་གཱན་དྷི་རྗེ་ལ་ཚྭ་རྫོགས་སོང་བ་མ་རེད་ལ། མི་མང་ལ་ཚྭ་ཉོ་རྒྱུ་མེད་པ་ཡང་མ་རེད། ཚྭ་ཡོད་སའི་ས་ཆ་དེའི་བདག་དབང་རྒྱ་གར་ལ་དགོས་པའི་ལས་འགུལ་རེད། དབྱིན་གཞུང་གིས་ཁོང་ཚོར་ཚ་དེ་སྤྲད་ནའང་རྒྱ་གར་གྱིས་རང་བཙན་མ་རྩོད་པར་འདུག་ མི་སྲིད། དེ་དང་ཕྱོགས་མཚུངས་༧གོང་ས་མཆོག་རྒྱ་ནག་གིས་བོད་ལ་གདན་འདྲེན་ཞུས་ཏེ་དགོན་པར་ བཞུགས་བཅུག་པ་གཅིག་པུས་བོད་མིའི་འདོད་བློ་ཁེངས་ཀྱི་མ་རེད། ༧གོང་ས་མཆོག་བོད་ལ་གདན་འདྲེན་དགོས་པའི་འབོད་ཚིག་དེ་རྒྱལ་ཁབ་ཀྱི་བདག་དབང་ ཡོད་པའི་ཐོག་ནས་བོད་ལ་ཆིབས་བསྒྱུར་དགོས་ཀྱི་ཡོད་པ་ལས། ད་ལྟའི་རྒྱ་ནག་གི་བཙན་འོག་ཏུ་གདན་འདྲེན་ཞུ་དགོས་ཟེར་གྱི་མེད་པ་གསལ་པོ་རེད།

༥ རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྙམ་ནས་ བོད་མི་ཚོ་འདོད་བློ་ཁེངས་རྒྱུ་མེད། ཁོང་ཚོར་དམིགས་ཡུལ་ཆེན་པོ་འདུག་ལ། སྲིད་དོན་འཁྲབ་སྟོན་ལ་ཡང་མཁས་པོ་འདུག ཁོང་ཚོས་རྒྱ་ནག་གིས་བོད་ལ་དྲག་གནོན་བྱས་པར་ངོ་རྒོལ་ཡོད་སྐོར་བརྗོད་ཀྱི་ཡོད་ པ་རེད་མོད། བོད་ཀྱི་རྒྱལ་དར་འཕྱར་བར་དྲག་གནོད་བྱེད་དགོས་དོན་མེད། དེ་ནི་ལོ་རྒྱུས་ཡོད་པའི་རྒྱ་ནག་གི་ས་གནས་མི་རིགས་ཤིག་གི་དར་ཆ་རེད་ཅེས་ བརྗོད་པ་སོགས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་མིན་པའི་རྩོམ་ཡིག་མང་པོ་ ཡོད་པ་ལས། དོན་དམ་གྱིས་བོད་ལ་རྒྱབ་སྐྱོར་བྱས་ཏེ་གདོང་མཆོང་བྱས་པ་ཞིག་མེད་ལ། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པར་ངོས་ལེན་བྱེད་མཁན་ཉུང་ལ། ཁོང་ཚོ་མང་ཆེ་བར་དམར་ཤོག་ཚོགས་པ་མགོ་རྟིང་སློག་དགོས་ཀྱི་ཡོད་པ་ལས། བོད་པར་སེམས་གཏིང་ནས་རྒྱབ་སྐྱོར་བ་དཀོན་པོ་རེད།

དེ་ན་བོད་པས་རྒྱ་ནག་གི་དམར་ཤོག་ཚོགས་པའི་འོག་ནས་ས་གནས་མི་རིགས་རང་སྐྱོང་ བརྩད་ན། རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བོད་པའི་ས་གནས་མི་རིགས་རང་སྐྱོང་ལ་རྒྱབ་ སྐྱོར་བྱེད་ཀྱི་རེད་དམ། དེ་ཡང་དོགས་གནས་སུ་གྱུར་འདུག དེ་བཞིན་བོད་དོན་དཀའ་ངལ་སེལ་ན་རྒྱ་གར་གྱི་བདེ་འཇགས་རེད་ཅེས་པའི་སྐད་ཆ་ཡང་ ཕན་མེད་དུ་གྱུར་པ་རེད། རྒྱ་རིགས་ཚོས་བོད་པར་རྒྱབ་སྐྱོར་བྱས་པ་ལྟ་བུའི་རྩོམ་ཡིག་ཁག་གྲངས་ཀ་བརྒྱབ་ ནས་མ་བསྡད་པར། སྐྱོན་བརྗོད་དང་ཟུར་ཟ་དམའ་འབེབས། དཀྱོག་བཤད་བྱེད་མཁན་ག་ཚོད་ཡོད་པ་ཤེས་རྟོགས་དགོས་པ་ལས། བོད་ལ་དབང་བསྒྱུར་བྱེད་མཁན་དེ་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཁོ་ན་མ་རེད། ཐ་ན་བོད་ནང་དུ་གནས་སྡོད་རྒྱ་རིགས་ཁོ་ནས་བོད་ལ་མཐོང་ཆུང་བརྙས་བཅོས་ག་ཚོད་ བྱེད་ཀྱི་ཡོད་པ་ཤེས་རྟོགས་དགོས་ངེས་རེད།

དངོས་གནས་རྒྱ་རིགས་མང་གཙོ་ དོན་གཉེར་བས་མཚོན་པས་མི་མང་ཁྲོད་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ན། བོད་རང་བཙན་དང་ས་གནས་མི་རིགས་རང་སྐྱོང་གང་ལ་རྒྱབ་སྐྱོར་བྱས་ཀྱང་། བོད་ཀྱི་དངོས་ཡོད་གནས་སྟངས་ཕྱོགས་སུ་མ་ལྷུང་པར་གླེང་དགོས་ལ། དེ་ཡང་བོད་ནང་དུ་གནས་སྡོད་རྒྱ་རིགས་ཚོར་བོད་ཀྱི་བདེ་སྡུག་དང་། གནས་བབས་ཤེས་རྟོགས་ཡོང་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་བྱས་ན། ལས་འགུལ་དེ་བོད་པས་བྱས་པ་ལས་ནུས་ཤུགས་ཆེ་བ་ཡོང་གི་རེད།

༦ སྤྱིར་བཏང་དེང་སྐབས་འཛམ་གླིང་གི་སྲིད་གཞུང་ཁག་གིས་རྒྱ་ནག་ལ་བསྟུན་མཁས་བྱས་ ཏེ་བོད་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་མེད་ལ། དེ་ཡང་ཁོང་ཚོའི་དགོས་མཁོ་འགྲུབ་པ་དང་། བོད་ལ་ཡང་ཡ་ལན་བྱེད་ཀྱི་མེད་པའི་རྣམ་པ་རྒྱལ་སྤྱིའི་ཐོག་མ་སླེབས་ཙམ་གྱི་ཆེད་ དུ་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་སྐོར་བསྒྲགས་པ་རེད། དེ་བས་རྒྱལ་སྤྱིའི་ཐོག་གི་མི་ཆེན་ཁག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ རྒྱུར་དཀའ་ངལ་ཡོད་ནའང་། ཁོང་ཚོས་བོད་རང་བཙན་མིན་སྐོར་དང་། བོད་མི་ཚོས་བོད་རང་བཙན་རྩོད་ཀྱི་མེད་སྐོར་སྐད་གསེང་མཐོན་པོས་གང་སར་བསྒྲགས་ པ་འདིས་བོད་ཀྱི་མ་འོངས་མདུན་ལམ་ལ་གནོད་ཀྱི་རེད། བོད་རང་བཙན་རྩོད་ཀྱི་མེད་པའི་དྲིལ་བསྒྲགས་འདིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ བཤད་པ་བཞིན་བོད་ཀྱི་དཀའ་ངལ་དེ་རྒྱ་ནག་ནང་ཁུལ་གྱི་དཀའ་ངལ་ཆུང་ཙག་ཅིག་གི་ངོ་ བོར་འགྱུར་ཉེན་ཡོད་པས། བོད་མི་ཚོས་བོད་རང་བཙན་གྱི་འབོད་སྒྲ་འཇགས་སུ་འཇུག་མི་རུང་ལ། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་དང་། མཁས་དབང། མི་མང་བཅས་ཀྱིས་བོད་ལ་རྒྱབ་སྐྱོར་ཡོད་པ་དེ་ཤེས་རྟོགས་དགོས་པ་མ་ཟད། ཤུགས་ཆེ་རུ་ཡོང་ཐབས་སུ་ཕྱོགས་གང་ཐད་ནས་ནུས་ཤུགས་འདོན་རྒྱུ་ཤིན་ཏུ་གལ་ཆེན་ དུ་མཐོང་ངོ་།།

Share this:
༡༩༢ ཀློག་གྲངས།