ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེ་བའི་སྐོར།

དངོས་གནས་གསང་སྔགས་རྡོ་རྗེ་ཐེག་པའི་གདུལ་བྱ་ཚད་ལོངས་པ་ཞིག་ཡིན་ན། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཡོད་པ་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བས་ཟིན་པའི་ཐོག་ནས་དབང་འདུས་ཀྱི་ལས་དང༌། མངོན་སྤྱོད་ཀྱི་ལས་དེ་དག་འཚེ་བ་མེད་པ་ཡིན་པ་ལས། འཚེ་བའི་ལས་ཆགས་ཀྱི་ཡོད་མ་རེད། དེ་ནི་སྙིང་རྗེའི་བསམ་པ་འབའ་ཞིག་དང༌། ཕུགས་རྒྱང་རིང་པོར་གཞན་ལ་ཕན་པའི་དོན་དུ་མངོན་སྤྱོད་ཀྱི་ལས་བྱས་པས་དོན་གྱི་ཆ་ནས་འཚེ་བ་མིན། བསམ་བློ་གཏོང་ཚུལ་དེ་འདྲ་ཞིག་རེད།།
    ནང་ཆོས་ལ་སློབ་རྒྱུ་གལ་ཆེ་ཚུལ་སྐོར། ནང་ཆོས་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཆོས་བྱེད་དང་མི་བྱེད་རང་ཉིད་ཀྱི་བསམ་བློ་དང་འདོད་པ་རེད། དེས་ན་རྒྱ་གར་གྱི་མཁས་པའི་ནང་ངས་ཤེས་པ་ལྟར་བྱས་ན། ཨརྱཱ་དེ་ཝའི་དབུ་མ་བཞི་བརྒྱ་པའི་ནང་མུ་སྟེགས་པའི་གྲུབ་མཐའ་མང་པོ་བཀག་ཡོད་པས་ཕལ་ཆེར་གྲུབ་མཐའི་གཞུང་ལྟ་བུ་རེད། དེ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་དབུ་མ་སྙིང་པོའི་ནང་དུའང་གྲུབ་མཐའ་དེ་དག་སྐོར་མང་པོ་གསུངས་ཡོད་པ་རེད། དེ་ཡང་ཕལ་ཆེར་གྲུབ་མཐའི་གཞུང་རང་རེད། མཁན་ཆེན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དེ་ཡང་གྲུབ་མཐའི་གཞུང་རང་རེད། ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་སྐབས་དེར་དར་མེད་པར་བརྟེན་དེའི་ནང་མེད། དེ་མིན་རྒྱ་གར་ནང་ཡོད་པའི་གྲུབ་མཐའ་ཁག་ཆ་ཚང་བཀོད་དེ་སྒྲོ་འདོགས་བཅད་ནས་སངས་རྒྱས་པའི་གྲུབ་མཐའི་ཁྱད་པར་རྣམས་གསུངས་ཡོད། དེ་ནི་རྒྱ་གར་གྱི་མཁས་པ་ཚོས་དེའི་དུས་སུ་ནང་ཆོས་ཙམ་མིན་པར་ཆོས་བརྒྱུད་མང་པོ་ཡོད་པ་དག་གི་ཁྲོད་དུ་ནང་ཆོས་འདི་ཉིད་གནས་པ་དང༌། འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས་སུ་གྲུབ་མཐའ་མི་མཐུན་པ་དེ་དག་གི་འདོད་ཚུལ་ཚང་མ་བཀོད་ནས་བརྡར་ཤ་བཅད་གནང་ཡོད།
    ང་ཚོ་བོད་གངས་ཅན་ལྗོངས་སུ་སངས་རྒྱས་ཀྱི་ཆོས་ཁྱབ་བརྡལ་ཧ་ཅང་ཆེན་པོ་བྱུང་རྗེས་ཕལ་ཆེར་བོད་མི་ཡོངས་རྫོགས་ནང་པ་གཙོ་བོ་བྱེད་མཁན་ལྟ་བུ་ཆགས་པ་རེད། བོན་རྒྱ་ཆེན་པོ་ཡོད་ཀྱང་ནང་ཆོས་དར་བའི་རྗེས་སུ་བོན་ཆོས་དང༌། སངས་རྒྱས་པའི་ཆོས་གཉིས་ཕལ་ཆེར་ཛཿཧཱུཾ་བཾ་ཧོ་ཞེས་པ་ལྟར་རེད། ནང་ཆོས་ཀྱི་ནང་བོན་གྱི་ཀླུ་འབུམ་དཀར་ནག་དང༌། དེ་བཞིན་ང་རང་ཚོས་ཐུགས་དམ་གྱི་གཙོ་བོ་ལྟ་བུར་བྱེད་པའི་ནོར་ལྷ་གཡང་སྒྲུབ་ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ་ཞེས་པའི་ལྷ་གསོལ་བཅས་དེ་དག་ཕལ་ཆེར་བོན་ཆོས་རེད། ང་ཚོའི་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་གྱི་ནང་ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ་ཞེས་པ་ཕལ་ཆེར་མེད། དེ་ལྟར་ཡུལ་ལྷ་གསོལ་མཆོད་བྱེད་པ། རྗེ་ཡི་མགུར་ལྷ་བཅུ་གསུམ་དང༌། སྲིད་པའི་ལྷ་ཆེན་སོགས་བོད་ཀྱི་ཡུལ་ལྷ་གསོལ་བའི་སྲོལ་དེ་དག་སྔར་བོན་ཆོས་ནས་དར་བ་རེད། ང་རང་ཚོ་བོད་མི་ལྟར་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ཀླུ་གཞི་བདག་དེ་དག་སྔར་བོན་གྱིས་གསོལ་བ་དང༌། ནང་ཆོས་དར་བའི་རྗེས་སུའང་བོན་ལུགས་ལྟར་གསོལ་མཆོད་བྱ་རྒྱུ་དོན་ལ་འཚམས་པའི་གནས་ཚུལ་དེ་ལྟར་རེད་འདུག
    དེ་བཞིན་བོན་ཆོས་ཀྱི་ནང་དུ་ནང་ཆོས་ཀྱི་འགྲོ་སྟངས་ཕལ་ཆེར་ཆ་ཚང་སླེབས་ཡོད། དཔེར་ན། བསོད་གླིང་གཞིས་ཆགས་སུ་ཐེངས་ཁ་ཤས་སོང་བ་དང༌། སྔ་ལོ་ཐེངས་གཅིག་སོང་རྗེས་དངོས་གནས་བོན་གྱི་ཐེག་པ་རིམ་པ་དགུའི་གཞུང་སློབ་སྦྱོང་བྱེད་པ་དང༌། ལྷག་དོན་མཧཱ། ཨ་ནུ། ཨ་ཏི་ཡོ་ག་བཅས་ཀྱི་ཐེག་པ་བདུན་པ། བརྒྱད་པ། དགུ་པ་དེ་དག་གི་སྐབས་སུ་གཞུང་གསང་སྔགས་བླ་མེད་ཀྱི་འགྲོ་སྟངས་སྤྱི་དང༌། ལྷག་པར་རྫོགས་པ་ཆེན་པོའི་འགྲོ་སྟངས་དང་ཧ་ཅང་འདྲ་པོ་འདུག དེ་བཞིན་དབུ་མའི་གཞུང་དང༌། ཚད་མའི་གཞུང༌། འདུལ་བའི་གཞུང་བཅས་ཡོད་པ་དེ་དག་ཐོག་མར་དར་སྐབས་མི་འདྲ་བ་ཡིན་ཡང༌། དེང་སྐབས་བོན་ཆོས་དང་ནང་ཆོས་གཉིས་ཕལ་ཆེར་གཅིག་པ་ལྟ་བུ་འདུག་ཅེས་སྐབས་དེར་བཤད་རྒྱུ་བྱུང༌། བོན་ཆོས་ཀྱི་གཞུང་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག གྲྭ་རྒྱུན་ཡང་དབུས་གཙང་མདོ་སྟོད་སྨད་བཅས་པའི་ས་ཁུལ་གྱི་གཞུང་དགོན་གྱི་སློབ་གཉེར་བ་སླེབས་འདུག་པས་མི་ཧྲག་པ་དང༌། སློབ་སྦྱོང་ཡང་ཧ་ཅང་ཡག་པོ་འདུག་པས་སྐབས་དེར་བསྔགས་བརྗོད་ཆེན་པོ་བྱས་པ་ཡིན། མདོར་ན་དེང་སྐབས་བོན་གཞུང་དང་སངས་རྒྱས་ཀྱི་གཞུང་གཉིས་འདྲ་མཚུངས་ལྟ་བུ་ཆགས་ཡོད། དེར་བརྟེན་ང་ཚོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
    བོད་ལ་སངས་རྒྱས་ཀྱི་ཆོས་ལོ་སྟོང་ཕྲག་བརྒལ་བའི་རིང་དར་རྒྱས་ཕུན་སུམ་ཚོགས་པོ་བྱུང་ཡོད། འོན་ཀྱང་མང་ཚོགས་སྤྱི་ཤེས་ཡོན་གྱི་ཐོག་ལ་དོ་སྣང་དེ་ཙམ་མེད་པ་དང༌། ཡང་སྒོས་ཆོས་ལ་དད་པ་ཆེན་པོ་ཡོད་པ་བཞིན། ཆོས་ཕྱོགས་ཀྱི་གནས་ཚུལ་ལ་སློབ་སྦྱོང་དོན་གཉེར་ཆེན་པོ་བྱས་མེད་པ་དེ་ནི་ཧ་ཅང་རྗེས་ལུས་རེད། བཙན་བྱོལ་ནང་དུ་ཆོས་ལ་སློབ་སྦྱོང་བྱེད་དགོས་ཞེས་འབོད་སྐུལ་བྱེད་དགོས་དོན་དེ་ཡིན། ཆོས་ཤེས་ཀྱི་ཡོད་ཅེས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། ཞེས་སོགས་བཏོན་པ་ཙམ་གྱིས་དོན་ཤེས་མི་ཐུབ། སངས་རྒྱས་ཞེས་པ་གང་འདྲ་ཞིག་དང༌། རྒྱུ་གང་དང༌། རྐྱེན་གང་ལ་བརྟེན་ནས་བྱུང་བ། ངོ་བོ་གང་ཞིག་ཡིན་དང༌། བྱེད་ལས་གང་ཞིག་ཡིན་པ་བཅས་ཀྱི་དོན་གང་ཡང་མ་ཤེས་པར་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཞེས་སངས་རྒྱས་ལ་སྐྱབས་སུ་སོང་བ་བརྗོད་པ་ཙམ་ཡིན། དེ་བཞིན་བླ་མ་དཀོན་མཆོག་གིས་མཁྱེན་ཞེས་གཟུངས་སྔགས་བགྲང་བ་དང༌། ཆོ་ག་འདྲ་བཏོན་པ་ལས་དོན་མ་ཤེས་པར་བསྡད་པ་དེ་ནི་རྗེས་ལུས་རེད།
    དེ་མིན་རིག་གནས་གཞན་གྱི་ཐོག་ང་ཚོ་རྗེས་ལུས་ཐེབས་པ་ནི། ང་ཚོར་གོ་སྐབས་རྩ་བ་ནས་མ་བྱུང་བ་ཡིན་པས་གནས་ཚུལ་ཐ་དད་རེད། དཔེར་ན། དེང་གི་ཚན་རིག་དང༌། འཛམ་གླིང་གནས་ཚུལ་ཤེས་རྒྱུའི་གོ་སྐབས་མ་བྱུང་བས་རྗེས་སུ་ལུས་པ་ལྟ་བུ་རེད། ཡང་ང་ཚོས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་དད་པ་བྱེད་ཡུལ་ཞིག་ལས། སློབ་སྦྱོང་བྱེད་ཡུལ་ཞིག་ཏུ་མི་བརྩི་བ་དེ་ཧ་ཅང་ཐབས་སྐྱོ་པོ་རེད། ང་རང་ཚོས་ཆོས་བགྲོ་གླེང་བྱས་ནས་སྦྱོང་བརྡར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དད་པ་བྱེད་དང་མི་བྱེད་ནི་རང་ཉིད་ཀྱི་འདོད་པ་རེད།།

Share this:
༥༩༩ ཀློག་གྲངས།