མོན་གྷོ་ཌི་རུ་ས་འཐུས་ཚོགས་འདུ།

ཟླ་འདིའི་ཚེས་༢༠ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་མིའི་ཚོགས་འདུ་སྐབས་བརྒྱད་པའི་ཚོགས་དུས་ལྔ་པ་མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ནང་འཚོགས་ཡོད་པ་རེད།

asambly 2014ཚོགས་འདུ་མཛད་སྒོའི་ཐོག་ཚོགས་བཅར་བ་ཡོངས་ཀྱིས་གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་རྟེན་འབྱུང་འབྲས་སིལ་འདེགས་འབུལ་བཅས་ཀྱི་ལས་རིམ་གྲུབ་པ་དང་ཆབས་ཅིག ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་གསལ་སྒྲགས་གནང་རྗེས། ཚང་མ་སྐུ་གཞེང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་བ་སོགས་སྔོན་འགྲོའི་ལས་རིམ་གྲུབ་རྗེས། ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གྱིས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་དོན། སྤྱིར་བཏང་ང་ཚོའི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པའི་ངོས་ནས་བལྟས་ན། ང་ཚོའི་རྩ་དོན་ནམ་བོད་དོན་བདེན་མཐའ་གསལ་བ་ལ་ད་ལྟའི་བར་འགྱུར་བ་གང་ཡང་ཕྱིན་མི་འདུག་མོད། འོན་ཀྱང་བོད་ནང་གི་ཛ་དྲག་པའི་གནས་སྟངས་དེ་སྔར་བཞིན་གནས་ཡོད་པ་མ་ཟད། ད་དུང་ཉིན་རེ་ནས་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་པ་རེད་ལ། འདས་བའི་ཟླ་ངོ་དྲུག་གི་རིང་ལ་བོད་ནང་དུ་རང་རིགས་སྤུན་ཟླ་རྒྱལ་གཅེས་དབའ་བོ་དབའ་མོ་མི་བཞི་ཡིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་གདུག་རྩུབ་ཅན་གྱིས་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། དམིག་གསལ་ཉེ་བའི་ཆར་བོད་ནང་གི་སེར་ཤུལ་རྫོང་འདན་མ་ས་གནས་ཤུག་པ་གྲོང་པའི་སྡེ་དཔོན་དབང་གྲགས་རྒྱ་ནག་གཞུང་གིས་དོན་མེད་ལ་འཛིན་བཟུང་བྱས་པ་མ་ཟད། ས་གནས་ཡུལ་མི་བོད་རིགས་མང་ཚོགས་ཡོངས་ལ་མི་སྤྱོད་ལས་འདས་བའི་དྲག་གནོན་གྱིས་མང་ཚོགས་ཁྲོད་དུ་གང་བྱུང་མེ་མདའ་བརྒྱབ་པ་དང་རྡུང་རྡེག་བཏང་བ་སོགས་ཀྱི་རྐྱེན་པས་ད་ལྟའི་བར་མི་གསུམ་གྱིས་ཚེ་སྲོག་ཤོར་ཡོད་པ་དང་། ད་དུང་མི་ཁ་ཤས་ཤི་གསོན་གྱི་གནས་སྟངས་གསལ་ཁ་མེད་པའི་ཆེའི་ཛ་དྲག་གི་གནས་སྟངས་ཆགས་བཞིན་ཡོད་པ་རེད། དེ་ལྟ་བུའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མི་རིགས་ཀྱི་ཐོག་ལ་འདི་འདྲའི་སྡང་ཟུག་དང་ཚད་ལས་བརྒལ་བའི་བྱེད་སྟངས་དེ་ནི་ངེས་པར་དུ་མཚམས་འཇོག་དགོས་བ་དང་།

asamblyརྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཞི་བདེ་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་ཚོགས་པ་མི་སྒེར་བཅས་ཀྱི་བདེན་པ་ལ་རྒྱབ་སྐྱོར་བྱས་དེ་རྒྱ་ནག་གཞུང་ལ་འཐད་ཀར་གནོན་ཤུགས་སྤྲོད་རྒྱུ་དང་། བློ་གཟུ་བོར་གནས་པའི་རང་དབང་དང་དྲང་བདེན་གྱི་གནས་ཚུལ་ཡོངས་བསྒྲགས་གནང་མཁན་གྱི་མི་སྣ་དང་གསར་འགོད་པ་སོགས་གནས་ཚུལ་རྟོགས་ཞིབ་ཀྱི་སླད་དུ་བོད་ནང་དུ་ཆེད་གཏོང་གིས་དངོས་ཡོད་གནས་ཚུལ་དེ་དག་ལ་གང་མགྱོགས་ཞིབ་འཇུག་གནང་སྟེ། དྲང་བདེན་གྱིས་གནས་ཚུལ་གང་ཡོད་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་ཐུབ་བྱ་རྒྱུར་ང་ཚོས་ངོས་ནས་གོང་བརྗོད་འཛམ་གླིང་སྟེང་གིས་རང་དབང་དང་དྲང་བདེན་གྱི་གནས་ལུགས་སྐྱོང་བའི་རྒྱལ་ཁབ་ཚོགས་སྡེ་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་དང་།

ཁོང་གི་མུ་མཐུད་ནས་གསུང་དོན།ས་གནས་འདི་ལ་མཚོན་ན་བཙན་བྱོལ་བོད་མི་འདུས་སྡོད་མཁན་མི་འབོར་མང་ཤོས་ཀྱིས་གཞིས་ཆགས་ཆེས་ཤོས་ཤིག་ཡིན་པ་སོང་ཙང་།རང་ཅག་བོད་མི་རིགས་ཀྱིས་སྐད་ཡིག་གཙོ་བོར་གྱུར་བའི་བོད་དོན་བདེན་མཐའ་གསལ་ཆེད་དུ་ནུས་པ་གཅིག་ཏུ་སྤུངས་དགོས་རྒྱུ་དང་འབྲེལ་ས་གནས་ཡུལ་མི་དང་འཆམ་མཐུན་གྱིས་སྤྱི་ཚོགས་བདེ་དོན་དང་འཕྲོད་བསྟེན་ལྟ་སྐྱོང་།དེ་བཞིན་ཁོ་ཡུག་གཙང་བཟོ་བཅས་ཀྱི་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་ཐོག་ཐུགས་ཁུར་ཆེ་བཞེས་ཀྱིས་ལས་དོན་ཚགས་ཚུད་དང་ཡར་རྒྱས་གོང་འཕེལ་ཡོང་སླད་དུ་ཕྱག་ལས་གནང་གང་ཐུབ་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།

དེ་ནས་ས་འཐུས་གྲོས་ཚོགས་ཚོས་འདུ་ཉིན་གསུམ་རིང་གི་བརྗོད་དོན་གཙོ་བོ་བོད་ཕྱི་ནང་གི་ཛ་དྲག་གི་ཆབ་སྲིད་ཀྱི་གནས་སྟངས་སྤྱི་དང་བྱེ་བྲག་མོན་གྷོ་ས་གནས་འགོ་འཛིན་ལས་ཁང་གི་ཁྱབ་ཁོངས་མ་ལག་དང་བཅས་པའི་འཛིན་སྐྱོང་བྱེད་ཕྱོགས་སྤྱི་དང་ལྷག་པར་དུ་མོན་གྷོ་ས་གནས་འགོ་འཛིན་ལས་ཁང་གི་ཟླ་དྲུག་ལས་བསྡོམས་དང་འབྲེལ་བའི་ཐོག་བགྲོ་གླེང་དང་དོག་འདྲི།གཞན་ཡང་སྒྲིག་གཞི་སྐྱར་བཅོས་དང་ཐུགས་སྣང་གཞེན་སྐུལ།གཞུང་འབྲེལ་མྱ་ངན་གུས་བཏུད་བཅས་ཀྱི་གྲོས་འཆར་གྲོས་ཆོད་ཁག་དང་།སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་སོགས་ཉིན་གསུམ་རིང་གི་ཚོགས་འདུའི་མཛད་རིམ་བང་སྒྲིག་ཡོད་པ་རེད་འདུག

ལྷོ་ཕྱོགས་གསར་འགོད་པས།

Share this:
༡༥༨ ཀློག་གྲངས།