༧གོང་ས་མཆོག་བོད་རྒྱ་གཉིས་ཀྱི་ཐུན་མོང་གི་གཞི་རྟེན་འཚོལ་ཐབས་ཚོགས་འདུའི་ཐོག་ཕེབས་འཆར།

ཟླ་འདིའི་ཚེས་ ༢༢ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་འཇར་མན་གྱི་གྲོང་ཁྱེར་ཕེ་རེཀ་ཕོཌ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་རྗེས། གྲོང་ཁྱེར་ཧམ་བྷག་(Hamburg)ཏུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།

DSC05137
tibet.net

ཐེངས་འདིར་༧གོང་ས་མཆོག་ལ་འཇར་མན་གྲོང་ཁྱེར་ཧམ་བྷག་ནང་རྟེན་གཞི་བྱས་པའི་བོད་ཀྱི་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་ དོན་ལྟར། ཁུལ་དེར་ཉིན་དྲུག་རིང་མཛད་འཕྲིན་སྐྱོང་གི་ཡོད་པ་དང་། ཐེངས་འདིར་༸གོང་ས་མཆོག་གྲོང་ཁྱེར་ཧམ་བྷག་ནང་ཆིབས་སྒྱུར་ཐེངས་ལྔ་པ་དང་འཇར་མན་རྒྱལ་ཁབ་ནང་ཆིབས་སྒྱུར་ཐེངས་༣༨ པ་དེ་ཡིན་འདུག

ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་མང་ཚོགས་༧༠༠༠ བརྒལ་བར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་པ་དང་། ཕྱི་ཚེས་ ༢༤།༢༥ བཅས་ཉིན་གཉིས་རིང་མགོན་པོ་གང་ཉིད་ཀྱིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་། ཕྱི་ཚེས་༢༦ ཉིན་གྱི་སྔ་དྲོ་ འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བསྩལ་རྒྱུ་ཡིན་འདུག ཕྱོགས་མཚུངས་ཕྱི་ཚེས་༢༣ ཉིན་གྱི་ཕྱེད་ཡོལ་༧གོང་ས་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐྱངས་ཡོད་པ་རེད།

DSC05241
tibet.net

དེ་བཞིན་ཕྱི་ཚེས་༢༥ ཉིན་ཧམ་བྷག་མི་རིགས་རྩད་ཞིབ་རིག་པའི་འགྲེམས་སྟོན་ཁང་དང་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པ། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་འགྲེམས་སྟོན་ཁང་དུ་ཆིབས་སྒྱུར་དང་། འགྲེམས་སྟོན་གྱི་བརྗོད་གཞི་ནི། གནའ་བོའི་བོད་མི་རིགས་ཀྱི་སྤྱི་ཚོགས་དཔལ་ཡོན་གཏོར་བཤིག་བཏང་བ། ཞེས་བོད་མིའི་འབྲོག་པའི་འཚོ་བ་བསྐྱལ་སྟངས་སོགས་ཀྱི་སྐོར་འགྲེམས་སྟོན་ཞུ་རྒྱུ་ཡིན་འདུག

གཞན་ཡང་དེ་ཉིན་བར་གསེང་སྐབས་༸གོང་ས་མཆོག་གིས་ཧམ་བྷག་གཙུག་ལག་སློབ་ཁང་གི་འཛམ་གླིང་ཆོས་ལུགས་རིག་པའི་བསྟི་གནས་ཁང་ Academy of World Religions གི་ཚོགས་མི་རྣམས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག

tibet.net
tibet.net

ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་འཇར་མན་བོད་རིགས་མཐུན་ཚོགས་བཙུགས་ནས་མི་ལོ་༣༥ འཁོར་བ་དང་། འཇར་མན་བོད་དོན་རྒྱབ་སྐྱོར་བཙུགས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་ཉིན་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་གྲོང་ཁྱེར་ཧམ་བྷག་ནང་བོད་རྒྱ་མི་རིགས་གཉིས་ཀྱི་ཐུན་མོང་གི་གཞི་རྟེན་འཚོལ་ཐབས་(Finding Common Ground) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་འདུག སྐབས་དེར་མཁས་དབང་དང་ལས་བྱེད་མི་སྣ། ལས་འགུལ་བ། རྩོམ་པ་པོ། དེ་བཞིན་ཨ་རི་དང་ཨེ་ཤི་ཡ། ཡུ་རོབ། ཨོ་སི་ཊོ་ལི་ཡ་བཅས་ནས་རྒྱ་རིགས་རིག་པའི་མཁས་དབང་ཕེབས་ཀྱི་ཡོད་འདུག །

 

Share this:
༧༠ ཀློག་གྲངས།