བོད་དོན་འཐབ་རྩོད་རྒྱུན་འཁྱོངས་དགོས་པ་རེད།

    ཚོགས་པ་ལྔས་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ནས་རྒྱ་གར་གྱིས་བོད་མི་མང་ལ་གདུང་སེམས་མཉམ་སྐྱེད་གནང་བ་དང། གནས་ཚང་གཡར་ནས་མི་ལོ་༥༠ འཁོར་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་རེད།
    སྐབས་དེར་ཇཱ་ཡ་ཇེ་ཊ་ལི་མཆོག་གིས་གསུང་དོན། བོད་མི་རྣམས་ལ་རྒྱ་གར་ནང་འོས་ཤོག་འཕེན་རྒྱུ་ཙམ་མ་གཏོགས་གཞན་ཐོབ་ཐང་ཆ་ཚང་ཡོད་པས་འབད་བརྩོན་བྱེད་དགོས་པ་རེད་ཅེས་དང། ངས་ཁྱེད་རང་ལ་དྲན་སྐུལ་བྱེད་དགོས་པ་ཞིག་ལ་ལོ་བཅུ་ཕྲག་ཙམ་སོང་རྗེས་མི་རབས་གཞོན་པ་རྣམས་རྣམས་ཆེན་པོ་ཆགས་པ་དང༌། སྐད་ཆ་རྙིང་པ་རྣམས་བརྗེད་སྲིད་པ་རེད། འོན་ཀྱང་སོ་སོའི་སེམས་ནང་འཇིགས་པ་མེད་པར་བློ་རྩ་བརྟན་པོས་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་དགོས་པ་རེད་ཅེས་གསུངས་ཡོད་པ་རེད། ཡང་སྐུ་ཞབས་ཨ་ཇེ་ལགས་ཀྱིས་ད་ལྟ་རྒྱ་ནག་འདི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ནའང་བོད་མི་ཚོས་སེམས་ཤུགས་ཆགས་དགོས་དོན་མེད་པ་དང་མུ་འཐུད་ནས་འཐབ་རྩོད་བྱེད་དགོས་པའིསྐོར་གསུངས་ཡོད་པ་རེད། ཁོང་གིས་ལོ་རྒྱུས་ནས་སློབ་སྦྱོང་བྱེད་དགོས་སྐོར་གསུང་དོན། ཨི་ཟ་རལ་ལ་མཚོན་ན། སྐབས་དེར་རྒྱལ་ཁམས་ཆེ་ཤོས་རོམ་གྱིས་དབང་སྒྱུར་བྱས་ནས་མི་ལོ་སྟོང་ཕྲག་གཉིས་ཙམ་རིང་བཙན་འཛུལ་བྱས་ཡོད་ཀྱང། ཇིའུ་མི་རིགས་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབས་བྱས་ནས་མཐར་རྒྱལ་ཁབ་སླར་གསོ་བྱས་ཡོད་པ་རེད། ང་ཚོ་རྒྱ་གར་ལ་མཚོན་ན་ཡང་སྔོན་དབྱིན་ཇི་ཡིས་བཙན་བཟུང་བྱེད་སྐབས། བདག་ཉིད་ཆེན་པོ་གྷན་དྷི་མཆོག་ནས་ྋགོང་ས་མཆོག་གི་དགོངས་དོན་བཞིན་ཞི་བདེ་དང་དྲང་བདེན་གྱི་ལམ་དུ་ཕྱིན་ནས་རང་བཙན་བླངས་པ་རེད།  ཁྱེད་རང་ཚོ་ཡང་སྟོབས་ཆུང་ཆུང་ལ་བརྩི་མཁན་དེར་ངས་ནམ་ཡང་ངོས་ལེན་མེད། ༡༩༥༩ ལོ་ནས་ད་བར་སྟོབས་ཤུགས་ཧ་ཅང་རྒྱས་ཡོད་པ་དང་ད་ལྟ་ཁྱེད་རྣམས་ལ་འཛམ་བུ་གླིང་གི་མི་འབུམ་ཕྲག་དུ་མས་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། ྋགོང་ས་མཆོག་འཚེ་བ་མེད་པའི་ལམ་དུ་ཕེབས་ནས་ད་ལྟ་ཁོང་གི་བདེན་པའི་འབོད་སྒྲ་འཛམ་གླིང་ནང་ཁྱབ་བཞིན་པ་དང་ཉིན་རེ་བཞིན་བོད་དོན་ཀྱི་སྟོབས་ཤུགས་འཕེལ་རྒྱས་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། རྒྱ་གར་གྱི་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཧྥར་ནན་ཌཱ་སི་མཆོག་གིས་བོད་མི་རྣམས་ལ་ཐུགས་རྗེ་ཞུ་རྒྱུ་ཡིན་ཅེས་དང་ཁོང་གི་རང་བཙན་གྱི་གཞས་ང་ཚོ་རང་བཙན་ཐོབ་ཀྱི་རེད་ཅེས་པའི་ལོ་རྒྱུས་ཀྱི་གཞས་དང། ཁོང་གིས་བོད་དོན་ལ་ཆེད་དུ་དམིགས་ནས་བདེན་པའི་རྒྱལ་ཁ་ཞེས་པའི་རང་བཙན་གྱི་གཞས་ཤིག་མི་མང་དང་མཉམ་དུ་བཏང་ཡོད་པ་རེད། །

Share this:
༨༧ ཀློག་གྲངས།