མོན་གྷོ་ཌི་ས་འཐུས་ཚོགས་གཙོ་དགོངས་ཞུ།

ཟླ་འདིའི་ཚེས་༢༤ ཉིན་གྱི་ཕྱི་དྲོ་མོན་གྷོ་ཌི་ས་གནས་འཐུས་མིའི་འཚོགས་འདུ་སྐབས་བརྒྱད་པའི་ཚོགས་དུས་ལྔ་པ་མཇུག་བསྡོམས་རྗེས། ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་མོན་གྷོ་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་ནས་དགོངས་པ་ཞུས་ཡོད་འདུག

དེ་ཡང་ཕྱི་ཚེས་༢༥ འཁོད་པའི་ཁོང་གིས་དགོངས་ཞུས་ཡི་གེ་ནང་འཁོད་དོན། ཁ་སང་རང་གྲོལ་ཟིན་པའི་རང་རེའི་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུའི་ནང་གི་ཁོར་ཡུག་ཚ་དྲོད་རྒྱས་ཆེ་བ་དང་། བསྐྱར་བཅོས་འགྲོ་བཞིན་པའི་སྒྲིག་གཞི་ཁག་སླར་དྲན་བསྐུལ་བྱེད་བཞིན་པའི་ངང་ཤེས་བཞིན་དུ་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་འགལ་བ་བྱེད་རྒྱུར་འཛེམས་ཟོན་སྤུ་ཙམ་མེད་པ་སོགས་ཚོགས་གཙོའི་སྟངས་འཛིན་མི་ཐུབ་པར་བཟོས་པ་མང་དག་ཅིག་ལ་བརྟེན། ཚོགས་གཙོའི་ལས་འཁུར་ཞུ་རྒྱུ་འདི་ཁག་པོ་ཆགས་པ་ཀུན་གྱིས་མཁྱེན་གསལ་ཡིན་ལ། ལར་ནས་རང་གི་གཟུགས་གཞིིའི་དང་། སྒོས་སུ་སློབ་ཕྲུག་གི་ལུས་སེམས་ཆོས་གསུམ་འཚར་ལོངས་གི་འགན་འཁུར་སོགས་ལ་སྣང་ཆུང་འགྲོ་བཞིན་པ་དང་། གཞིས་ཆགས་ཀྱི་གནད་དོན་ཡོངས་རྫོགས་མ་ཤེས་པ་ཡིན་ན་ཚོགས་གཙོའི་ལས་འགན་མ་འགྲུབ་པར་དགོངས་པ་ལ་བརྟེན་གུས་རང་ཉིད་ཀྱིས་མ་འཐུས་པ་ངོས་ལེན་ཞུས་པའི་ཐོག་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་ནས་དགོངས་འཁྲོལ་ཡོད་པ་ཞུ་ཞེས་འཀོད་ཡོད་པ་རེད།

འདི་གའི་གསར་འགོད་པས་ས་འཐུས་ཚོགས་གཙོ་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་ལ་བཅར་འདྲི་ཞུ་པར། ཁོང་གིས། “མོན་གྷོ་འདོད་རྒུ་གླིང་ས་འཐུས་སྐབས་༨ པའི་ཚོགས་དུས་༥ པ་ཉིན་གཞིའི་ལས་རིམ་དཀའ་ལས་ཁག་པོའི་ངང་ནས་མཇུག་གྲུབ་ཐུབ་ཙམ་བྱུང་སོང་། ཚོགས་ཐེངས་འདིའི་ནང་ཡང་འཐུས་མི་འགས་ཚོགས་འདུ་ལ་བར་ཆད་ཡང་ཡང་བྱས་པ་མ་ཟད། ཤེས་བཞིན་སྒྲིག་གཞི་དང་འགལ་བར་བྱེད་རྒྱུར་འཛེམས་སོན་སྤུ་ཙམ་མེད་པར་གནད་དོན་ཆུང་ཚག་ཐོག་ཟིང་ཆ་སློང་བར་ཚོགས་གཙོས་སྟངས་འཛིན་བྱེད་རྒྱུ་ཤིན་ཏུ་དཀའ་བའི་གནས་སྟངས་ལ་བརྟེན། ཁ་སང་ངོས་ནས་ཚོགས་གཙོའི་ལས་འཁུར་དང་ས་འཐུས་ཚོགས་མི་ནས་དགོངས་པ་ཞུས་ཟིན་པ་ཡིན་པས། ད་སེམས་པ་ལྷོད་པ་དང་བློ་བདེ་བོ་ཙམ་འདུག ཉིན་དེ་རིང་ནས་བཟུང་ངོས་ཀྱི་དོ་སྣང་དང་དུས་ཚོད་ཡོངས་རྫོགས་སློབ་ཕྲུག་ཚོའི་ཆེད་དུ་གཏོང་ཐུབ་པ་ཡོང་གི་རེད་”ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། རྩ་བའི་ཆ་ནས་ས་གནས་འཐུས་ཚོགས་འདི་མང་གཙོའི་ཁྲིམས་སྒྲིག་གི་ལམ་དང་ལུགས་སྲོལ་གཞིར་བཟུང་ཐོག་ཡར་རྒྱས་ཚགས་ཚུད་གཏོང་དགོས་པ་གལ་ཆེན་པོ་རེད་ལ། ངའི་ཚོགས་གཙོའི་ལས་འཁུར་རིང་ལས་རིམ་ཡིག་ཆ་སོགས་གང་ཅིར་ཡར་རྒྱས་གང་མཚམས་ཕྱིན་ཡོད། ཚོགས་དུས་ ༥ པ་དེར་ས་གནས་འཐུས་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་སོགས་ལས་རིམ་གལ་ཆེན་ཡོད་པ་ཚང་མ་འགྲུབ་ཐུབ་ཙམ་བྱུང་སོང། སོ་སོའི་ངོས་ནས་ཡིན་ན་ཡང་ལྷག་བསམ་རྣམ་དག་གི་ཐོག་ནས་ད་བར་དུ་༧གོང་ས་མཆོག་གིས་བཀའ་དགོངས་ལྟར་ས་གནས་འཐུས་ཚོགས་ཀྱི་སྒྲིག་འཛུགས་འདི་གལ་ཆེན་པོ་ཡིན་པས། ལས་ཡུན་རིང་ལས་འཁུར་ཞུ་སྒོ་མཐའ་དག་འགྲོ་ཐུབ་པའི་ཐབས་ཤེས་འབད་བརྩོན་བྱས་པ་ཡིན་ཏེ། ད་ལྟའི་ཆར་འགོག་རྐྱེན་མང་དག་ཞིག་ལ་བརྟེན་ནས་ལས་ཁུར་ཞུ་ཐུབ་ཐབས་མེད་པའི་གནས་སྟངས་ཆགས་འདུག དེའི་རྒྱུ་མཚན་ནི་གོང་དུ་བཤད་པའི་གནད་དོན་དང། གཞན་ཡང་ས་འཐུས་རྣམས་ཀྱིས་ཀྱང་ཚོགས་གཙོར་མཐུན་འགྱུར་ཚད་ལྡན་གནང་ཐུབ་ཀྱི་མི་འདུག དོན་གནད་ཆུང་ཚགས་ཁ་ཤས་ཐོག་ས་འཐུས་འགའ་རེས་ལས་རིམ་རྣམ་བཞག་གི་བརྒྱུད་ནས་སྟངས་འཛིན་བྱེད་ཕྱོགས་དགོངས་འཆར་བཏོན་པ་ཙམ་ལས། ཚོགས་འདུའི་ནང་སྒྲིག་འགལ་ཚབ་ཆེ་དང་ཚོགས་གཙོའི་སྟངས་འཛིན་ལ་བརྩི་འཇོག་མི་བྱེད་པའི་སྐབས། ས་འཐུས་སུ་ཞིག་གིས་ཁ་གྲགས་ཐུབ་ཀྱི་མི་འདུག སྒྲིག་གཞི་ལ་བརྩི་འཇོག་མ་བྱས་པ་ཡིན་ན་མང་གཙོའི་སྒྲིག་འཛུགས་ལ་དོ་ཕོག་འགྲོ་ཉེན་ཆེ་བར་བརྟེན། ཨུ་ཚུགས་བྱས་ནས་རྐུབ་སྟེགས་ཐོག་བསྡད་པ་ཡིན་ན་དགེ་ཕན་གང་ཡང་མ་མཐོང་མ་སོང་། སྤྱི་ཚོགས་བརྟན་ལྷིང་སོགས་ལ་ཕན་ཐོགས་ཡོང་སའི་ལམ་ཁ་དེ་ཡང་རྙེད་ཀྱི་མེད་པ་ཡིན་པས། དགོངས་པ་ཞུས་པ་ཡིན། དགོངས་པ་ཞུ་དགོས་པའི་གནད་དོན་དངོས་དེ་མོན་གྷོ་ས་གནས་མི་མང་གིས་ངེས་པར་མཁྱེན་ཐབས་གནང་གི་རེད་བསམ་གྱི་ཡོད་ལ། ལོ་རྗེས་མར་ས་འཐུས་སྐབས་ ༩ དེ་མང་ཚོགས་ཀྱིས་འོས་འདེམས་བྱེད་དགོས་པ་ཡིན་པས་དགོངས་པ་བཞེས་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་པ་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ་མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་བསྐྱར་དུ་འོས་འདེམས་གནང་ཡོད་པ་དང་། མང་མོས་ཚད་མཐོ་ཐོག་ནས་ཚོགས་གཙོ་དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ཚན་ནང་བཞུགས་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་དང་། ཚོགས་གཞོན་མདོ་ཁམས་ཆུ་སྒང་དབུས་རྒྱུན་དྲུང་ཟུར་དང་ད་ལྟ་འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་རྒན་པའི་ལས་འཁུར་ཞུ་བཞིན་པའི་འབྲས་སྤུངས་སྒོ་མང་ཧར་གདོང་ཁམས་ཚན་དབལ་ཤུལ་མི་ཚན་ནང་བཞུགས་ལི་ཐང་དགེ་བཤེས་ངག་དབང་བློ་བཟང་གཉིས་འོས་འདེམས་བྱུང་ཡོད་པ་རེད། །

ལྷོ་ཕྱོགས་གསར་འགོད་པས།

Share this:
༡༥༨ ཀློག་གྲངས།