གསར་འབྱོར་སྐྱིད་སྡུག་མོན་གྷོ་ཌི་གཞིས་ཆགས་ཀྱི་བརྒྱ་ཤོག་གཅིག་ལ་ངོས་ལེན།

ཟླ་འདིའི་ཚེས་༢༨ ཉིན་གྱི་ཕྱི་དྲོ་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གསར་འབྱོར་སྐྱིད་སྡུག་སྒྲིག་འཛུགས་གསར་འཛུགས་ལ། ས་གནས་འགོ་འཛིན་ལས་ཁང་ནས་བརྒྱ་ཤོག་གཅིག་ལ་ངོས་ལེན་ཡོད་པའི་རྒྱབ་གཉེར་སྤྲད་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཚོགས་ཐོག་དུ་སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་།དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་སོགས་ས་གནས་གཞུང་དང་འཞུང་འབྲེལ་མ་ཡིན་པའི་ཀྱི་མཛད་གཙོ་རྣམ་པ་ཕེབས་ཡོད་པ་རེད།

news photos about newly arrivalདེ་ཡང་མཛད་སྒོའི་ཐོག་ཀུན་བཟང་བསྟན་འཛིན་གྱིས་མོན་གྷོ་ས་གནས་གསར་འབྱོར་སྐྱིད་སྡུག་བཙུགས་དགོས་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་བཅས་ཀྱི་ཐོག་ངོ་སྤྲོད་བྱས་པ་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་ཨ་ཀྲུག་ཚེ་བརྟན་གྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། མོན་གྷོ་ས་གནས་སུ་གསར་འབྱོར་སྐྱིད་སྡུག་ཞིག་བཙུགས་ཐུབ་པ་ཙམ་དུ་མ་ཟད། མོན་གྷོ་ས་གནས་འགོ་འཛིན་གྱིས་ངོས་ནས་གྲོང་གཅིག་གམ། བརྒྱ་ཤོག་གཅིག་དང་གཅིག་མཚུངས་ཀྱི་ངོས་འཛིན་གནང་གི་ཡིན་ཞེས་རྒྱབ་གཉེར་གནང་བ་དེ་བཀའ་དྲིན་ཆེན་པོ་རེད་བསམ་གྱི་འདུག དེ་དང་འབྲེལ་མ་འོངས་པ་སྐྱིད་སྡུག་འདིའི་ངོས་ནས་ཡིན་ན་ཡང་སྐྱིད་སྡུག་བཙུགས་པ་ཙམ་མ་ཡིན་པར་སྣེ་ཁྲིད་མཁན་དང་ཚོགས་མི་ཡོངས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བཙན་བྱོལ་གཞུང་དང་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་བཀའ་དགོངས། དེ་བཞིན་མོན་གྷོ་ས་གནས་འགོ་འཛིན་ལས་ཁང་གི་བཀོད་ཁྱབ་དང་གསར་འབྱོར་སྐྱིད་སྡུག་གི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཐོག་བསྐྱོད་ཐུབ་ན།ཡར་རྒྱས་ཚགས་ཚུད་ཡོང་གི་རེད་ལ།དེ་ལྟར་གནང་སྐྱོང་ཡོང་བའི་འབད་བརྩོན་གནང་རོགས་ཞེས་སོགས་གསུངས་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་མོན་གྷོ་གསར་འབྱོར་སྐྱིད་སྡུག་ལ་ངོས་བཞེས་དང་རྒྱབ་གཉེར་གནང་དགོས་པའི་རྒྱུ་མཚན་དང་འབྲེལ་གསུང་བཤད་གནང་དོན།

news photos about newly arrival1གསར་འབྱོར་སྐྱིད་སྡུག་དེ་ཁྱེད་ཚོའི་བདེ་སྡུག་ཞུ་རྒྱུ་དང་དཀའ་ངལ་སེལ་རྒྱུའི་ཆེད་དུ་རེད། དེ་བཞིན་རྒྱབ་གཉེར་ཞུ་རྒྱུ་བཅས་སུ་ཁོངས་ཞིག་མེད་ན་དཀའ་ངལ་ཆེན་པོ་འདུག ཉེ་ཆར་ས་གནས་འཐུས་ཚོགས་ཀྱི་ངོས་ནས་ཡིན་ན་གླེང་སློང་བྱུང་སོང་། དེར་བརྟེན་སྐབས་དེ་དུས་སྤྱིར་བཏང་ཡིན་ན་བརྒྱ་ཤོག་གམ་གཞིས་གྲོང་གང་དུ་བསྡད་ཡོད་པ་དེའི་ཁོངས་སུ་འཐུས་རྒྱུ་བྱེད་དགོས་པ་དང་། བརྒྱ་དཔོན་དེས་གཟིགས་རྟོགས་གནང་དགོས་པ་རེད། གལ་ཏེ་དེ་མེད་པ་ཡིན་ན་ས་གནས་རང་བདེན་ཚོགས་ཆུང་གིས་ངོས་སྦྱོར་གནང་བ་ཡིན་ན་བཙན་བྱོལ་གཞུང་གི་བཀའ་ཤག་སྐབས་བཅུ་གཉིས་པའི་ལམ་སྟོན་ཡོད་པ་རེད། ལྷག་པར་དུ་བྱིས་སུ་བོད་ནས་གསར་དུ་འབྱོར་བའི་ཁོངས་གང་ཡང་མེད་མཁན་རྣམ་པ་དང་། ཐོག་མ་གཞིས་ཆགས་གསར་འཛུགས་སྐབས་རང་ཁ་རང་གསོ་བྱས་སྡོད་མཁན་ཚོ་གཞིས་ཆགས་ལ་ཕེབས་པ་ཡིན་ན། ས་ཁང་ཕུད་དེ་མིན་ས་གནས་འགོ་འཛིན་ཁག་གིས་ཁོང་རྣམས་པ་ཚོའི་འཚོ་གནས་དང་འཕྲོད་སྟེན། དེ་བཞིན་བདེ་སྡུག་བཅས་ཕྱོགས་ཡོངས་ལ་གཞིས་ཆགས་དེའི་གཞིས་མི་གཅིག་མཚུངས་ཀྱི་གཟིགས་སྐྱོང་གནང་དགོས་སྐོར་རང་གཞུང་བཀའ་ཤག་གིས་ལམ་སྟོན་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད།

ཁྱེད་ཚོར་རང་བདེན་ཚོགས་ཆུང་བརྒྱུད་ནས་རྒྱབ་གཉེར་ཡིག་ཆ་སྤྲོད་ཀྱི་ཡོད་རེད། སྤྱིར་བཏང་རྒྱབ་གཉེར་ངོས་སྦྱོར་སྤྲོད་རྒྱུ་ལ་ཁྲིམས་དང་སྒྲིག་གཞི་ཞིག་བཙན་བྱོལ་བོད་མི་ཡོངས་ལ་ཚང་དགོས་ཀྱི་ཡོད་རེད། གཙོ་བོ་དེ་དཔྱ་ཁྲལ་མར་དངུལ་དེ་རེད། འདིའི་ནང་ཕེབས་མཁན་ཚོར་ཆ་རྐྱེན་དེ་ཚང་ཡོད་པ་རེདལ། མང་པོ་ཞིག་ལ་ད་ལྟ་དཀའ་ངལ་ཕྲད་ཀྱི་ཡོད་པ་རེད། གཟིགས་སྐྱོང་གནང་དགོས་པ་རེད་དེ། བརྒྱ་ཤོག་གང་གི་ནང་ན་སུ་ཡོད་མེད་དང་སུ་འགྲོ་ཡི་ཡོད་མེད་སོགས་མ་ཤེས་པའི་དཀའ་ངལ་ཞིག་འཕྲད་སྡོད་ཀྱི་ཡོད་རེད། ཡིན་ནའང་སོ་སོའི་རྐང་པའི་སྒང་ལ་ལངས་ནས་དཀའ་ལས་བརྒྱབ་པས། ད་ལྟའི་བར་ང་ཉམ་ཐག་ཡིན་དཀའ་ངལ་ཅན་ཡིན། སྐྱོབ་གསོ་དགོས། རོགས་རམས་དགོས་ཟེར་ནས་ཞུ་མཁན་ཕལ་ཆེར་མ་བྱུང་བ་དེ་ཚོར་བསྔགས་བརྗོད་ཡོད།ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་།

news photos about newly arrival2ཁོང་གིས་མུ་མཐུད་ནས་གསུང་དོན།སྔ་མོ་ནས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་གཞུང་གི་ངོས་ནས་བོད་མི་གཅིག་མཚུངས་ཀྱི་གཟིགས་སྐྱོང་དགོས་སྐོར་ལམ་སྟོན་གནང་ཡོད་པ་རེད། ང་ཚོའི་གཟིགས་སྐྱོང་གནང་དགོས་པ་དེ་ཡང་ལས་འགན་རེད། བོད་མི་ཚོ་ཚང་མ་གཅིག་མཚུངས་ཀྱི་ལྟ་རྟོགས་གནང་མ་ཐུབ་ན་ས་གནས་འགོ་འཛིན་ཁོ་རང་གིས་མ་འགྲིག་པ་རེད་ལ། ལས་འགན་མ་འགྲུབ་པ་རེད་མ་གཏོགས་གཙན་བྱོལ་གཞུང་གི་ངོས་ནས་ཚང་མར་ལམ་སྟོན་གཅིག་གྱུར་རེད། དེ་ལ་ཁྱད་པར་དབྱེ་འབྱེད་རྩ་བ་ནས་ཡོད་མ་རེད། དེར་བརྟེན་ལམ་སྟོན་ཡོད་པ་བཞིན་སྒྲིག་གཞི་ཡང་ཡོད་རེད། བོད་མིའི་སྤྱི་ཚོགས་ནང་སྒྲིག་གཞི་དང་ཁོངས་ཞིག་མེད་པ་ཡིན་ན་ལྟ་རྟོགས་བྱེད་བདེ་བོ་ཡོད་པ་མ་རེད། དེ་འདྲའི་ཆ་ནས་ཁྱེད་རང་ཚོར་ལམ་སྟོན་བྱས་པ་གཞིར་བཟུང་ཁྱེད་རང་ཚོའི་ཡིན་ན་ཡང་སྒྲིག་གཞི་དང་ངོ་བོ། དམིགས་ཡུལ་ཚང་མ་དཔེ་མི་སྲིད་པའི་ཡག་པོ་བྱུང་འདུག་བསྔགས་བརྗོད་ཡོད། ང་ཚོ་ཆེས་དཀའ་ངལ་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་བོད་མི་ཚང་མས་གཅིག་ཕན་གཅིག་གྲོགས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྒྱབ་གཉེར་ཡིག་ཆའི་ནང་དུ་ཡོད་པ་གཞིར་བཟུང་གིས་ངོས་ལེན་བྱས་པ་ཡིན། ངོས་བཞེས་གནང་དགོས་པ་དེ་ཡང་བདེ་སྡུག་ལ་ལྟ་དགོས་པ་ཡིན་པས་རུབ་རུབ་དགོས་པ་རེད། དེ་ལ་བརྒྱ་ཤོག་དང་དགོན་སྡེ་གྲྭ་ཚང་སོགས་སོ་སོའི་ཁོངས་སྤྱི་མི་དང་ཕྱག་མཛོད་བརྒྱུད་ནས་ལྟ་རྟོགས་བྱེད་ཐུབ་ཀྱི་ཡོད་པ་རེད། རྒྱུ་མཚན་དེའི་ཆ་ནས་ད་ནས་བཟུང་ཁྱེད་རང་ཚོར་ཤེས་ཡོན། འཕྲོད་བསྟེན། ཛ་དྲག་གི་དཀའ་ངལ་སོགས་འཕྲད་པ་དང་། དེ་བཞིན་དཔལ་འབྱོར་གྱི་དཀའ་ངལ་སོགས་འཕྲད་ཚེ་ཉམ་ཐག་གིས་ཁོངས་སུ་བཅུག་དགོས་པ་དང་། བུ་ཕྲུག་སློབ་འཇུག་བྱེད་དགོས་པ་སོགས་ཀྱིས་མཚོན་བརྒྱུད་ལམ་འདི་བརྒྱུད་ནས་ཡོང་བ་ཡིན་ན་སྟབས་བདེ་བོ་ཡོང་གི་རེད་ལ། ངས་ངོས་ནས་ཡིན་ན་གཞུང་གིས་ལམ་སྟོན་གཞིར་བཟུང་གིས་བོད་མི་གཅིག་མཚུངས་བཞིན་ལྟ་རྟོགས་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།

མཇུག་ཏུ་ཐུགས་རྗེ་ཆེའི་གཏམ་བཤད་དང་སྐུ་མགྲོན་ཚོར་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་ཤོག་ཆགས་སོགས་ཕུལ་རྗེས་དགོང་དྲོའི་གསོལ་ཚིགས་ཕུལ་བ་བཅས་ཉིན་འདིའི་མཛད་སྒོ་གྲུབ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པས།

Share this:
༩༡ ཀློག་གྲངས།