དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འབྲས་སྤུངས་སུ་འགོ་འཛུགས།

ཕྱི་ཟླ་༨ ཚེས་༣༠ ཉིན་གྱི་སྔ་དྲོ་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྒྱུགས་སྤྲོད་ཀྱི་དབུ་འབྱེད་མཛད་སྒོ་ཞིག རྒྱ་གར་ལྷོ་ཕྱོགས་མོན་གྷོ། འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་འཚོགས་ཡོད་པ་རེད།

mundgod1མཛད་སྒོའི་ཐོག་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་དང་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་བློ་བཟང་ཡེ་ཤེས་རྣམ་གཉིས་གཙོས་དགའ་ལྡན་ཤར་བྱང་གཉིས་དང་སེ་ར་བྱེས་སྨད་གཉིས། དེ་བཞིན་བཀྲིས་ལྷུན་པོ་དང་རྭ་སྟོད་བཅས་གྲྭ་ཚང་ཁག་གི་མཁན་ཚབ་རྣམ་པ། དེ་བཞིན་རྒྱུགས་སྤྲོད་དོ་དམ་པ་དང་ཞིབ་པ། རྒྱུགས་སྤྲོད་པ་དགེ་འདུན་འདུས་མང་ཡོངས་མཉམ་འཛོམས་བྱུང་ཡོད་པ་རེད།

མཛད་སྒོའི་ཐོག་སྒོ་མང་མཁན་པོ་ཡོན་ཏན་དམ་ཆོས་ཀྱིས་དགེ་ལུགས་རྒྱུགས་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་སྐབས། རྒྱུགས་སྤྲོད་དོ་དམ་པ་ཚོའི་ངོས་ནས་ཡག་པོ་བྱེད་དགོས་སྐོར་དང་། དེ་སྔོན་ཡག་པོ་བྱུང་ཡོད་སྐོར་དང་འབྲེལ་ནས་གསུང་དོན། “ རྒྱུགས་སྤྲོད་དོ་དམ་པ་རྣམ་པས་སྒོ་གང་ས་ནས་ཞིབ་མཇུག་བྱས་ནས་ལེགས་སྤེལ་ཉེས་འགོག་གནང་རྒྱུ་དང་། དེ་གཞིན་རྒྱུགས་ཞིབ་པ་དགེ་རྒན་རྣམ་པ་དང་བྲིས་རྒྱུགས་སྐབས་ཀྱི་ལྟ་རྟོགས་བྱེད་མཁན་རྣམ་པ་བཅས་ཀྱི་ངོས་ནས་ཡིན་ན་ཡང་ཨང་གྲངས་སམ་བརྒྱ་ཆ་སྤྲོད་ཕྱོགས་དང་ལྟ་རྟོགས་སྔོག་བཤེར་དོ་ནན་གནང་རྒྱུ་སོགས་གང་ཆས་ཐད་འཐུས་ཤོར་མེད་པ་ཞིག་ངེས་པར་དུ་གནང་དགོས་པ་གལ་ཆེན་པོ་རེད། རྒྱུགས་སྤྲོད་པ་དགེ་འདུན་པ་ཚོའི་ངོས་ནས་ཡིན་ན་དྲང་པོ་དྲང་བཞག་ལས་འབྲས་དཔང་པོར་བཞག་ནས་རྒྱུགས་སྤྲོད་གནང་ན་ཡག་པོ་ཡོད་རེད། དགེ་ལུགས་རྒྱུགས་སྤྲོད་དེ་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཡག་པོ་ཞིག་བྱུང་བ་ཡིན་ན་དེའི་འབྲས་བུ་ལ་རྒྱུགས་སྤྲོད་ཕུན་སུམ་འཚོགས་པ་ཞིག་ཏན་ཏན་ཡོང་གི་རེད།   དེ་ཡོང་བ་ལ་བརྟེན་ནས་བསྟན་པ་སྤྱི་དང་བྱེ་བྲག་དགེ་ལྡན་པའི་བསྟན་པ་ལ་ཞབས་ཕྱི་ཡག་པོ་ཞིག་ཞུ་ཐུབ་ཀྱི་རེད་བསམ་གྱི་འདུག   དགེ་ལྡན་རྒྱུགས་སྤྲོད་འདི་ཞིབ་ཚགས་དོ་ནན་ཞིག་བྱེད་མ་ཐུབ་པར་ལྷོད་ཡངས་སོང་ནས་སླ་རུ་སླ་རུ་འགྲོ་བ་ཡིན་ན། དེ་རིང་སང་ཉིན་སློབ་གཉེར་ཡར་རྒྱས་ཀྱི་གཞི་རྩ་དེ་ག་རེ་ཡིན་པ་ཚང་མས་མཁྱེན་མཁྱེན་པ་རེད། དགེ་ལྡན་རྒྱུག་སྤྲོད་ནང་ཞུགས་ཚར་བའི་ཉིན་མོ་དེ་ནས་དགེ་སྐོས་དང་མཁན་པོ་ཚོས་ཕྱག་དཔེ་ལ་གཟིགས་རོགས་ལབ་མི་དགོས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་རྒྱུ་རྐྱེན་ལ་བརྟེན་ནས་ད་ལྟའི་བར་དགེ་ལུགས་རྒྱུག་སྤྲོད་དེ་ལེགས་འགྲུབ་བྱུང་བསྡད་པ་རེད། མ་འོངས་པར་ཡིན་ན་ཡང་ཕྱོགས་ཡོངས་ནས་ལྷོད་ཡངས་མེད་པའི་ཐོགས་ནས་འགྲོ་ཐུབ་པར་འབད་རྩོན་གནང་རོགས་ཞེས་སོགས་གསུངས་སོང་།

mundgod2དེ་ནས་འབྲས་བློ་གླིང་མཁན་པོ་བློ་བཟང་ཡེ་ཤེས་ཀྱིས་དགེ་ལུགས་རྒྱུགས་སྤྲོད་ཀྱི་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་དོན།  དགེ་ལུགས་རྒྱུགས་སྤྲོད་དེ་གལ་ཆེན་ལ་ཚང་མས་རྩི་ཡི་ཡོད་པ་ནང་བཞིན་ཕྱིར་སངས་རྒྱས་ཀྱི་བསྟན་པ་སྒོས་སུ་འཇམ་མགོན་བླ་མ་ཙོང་ཁ་པའི་བསྟན་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་གནས་ཡོང་བའི་ཆེད་དུ་གལ་ཆེན་པོར་བརྩིས་ནས་ད་ལྟའི་བར་རྒྱུགས་སྤྲོད་གནང་ཡོད་པ་རེད་ལ། རྒྱུགས་ཞིབ་དོ་དམ་པ་ཚོ་གྲྭ་ཚང་སོ་སོའི་ནང་འདེམས་སྐོས་ཐོག་རེ་བ་བྱས་ནས་ཡར་བཏང་ ཡོད་རེད། དེ་ལ་རྒྱུགས་ཞིབ་པ་ཚོའི་ངོས་ནས་བསྟན་པ་སྤྱི་ལ་ལྷག་བསམ་རྣམ་དག་དང་ལས་འབྲས་དཔང་བཞག་ཐོག་ནས་གནང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། རྒྱུགས་སྤྲོད་ཡག་པོ་ཡོང་མི་ཡོང་དེ་སྒྲིག་གཞི་གཞིར་བཞག་ཐོག་ནས་ཕེབས་ཐུབ་དང་མི་ཐུབ་དེ་ལ་རེག་ལས་ཡོད་པ་རེད། རྒྱུགས་སྤྲོད་དེ་ཡག་པོ་ཞིག་མ་ཡོང་བ་ཡིན་ན་བསྟན་པ་སྤྱི་ལ་གྱོང་གུད་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་གཞིན་རྒྱུགས་སྤྲོད་མཁན་ཚོའི་ངོས་ནས་ཡིན་ན་ཡང་རྒྱུགས་སྤྲོད་སྐབས་གཙང་དག་གསལ་གསུམ་ཡོད་པ་ཞིག་ངེས་པར་དུ་འབྲི་དགོས་ཀྱི་ཡོད་པ་རེད། བརྒྱ་ཆ་སྤྲོད་མཁན་ཚོའི་ངོས་ནས་ཡིན་ན་ཡང་ལས་སླ་བོ་ཡོང་གི་རེད། དེ་བཞིན་རྩོད་རྒྱུག་སྐབས་སུ་ཡིན་ན་ཡང་འབྲི་དག་གསལ་གསུམ་ཐོག་ནས་རྟགས་གསལ་གཏོང་དགོས་ཀྱི་ཡོད་པ་རེད། རྩ་བས་ཀུན་སྤྱོད་ཐོག་ནས་དམ་ཆོས་འདུལ་བ་ནང་བཞིན་ཡོང་དགོས་པ་གལ་ཆེན་པོ་རེད། ནང་གི་རྟོགས་པ་དེ་སུ་གང་གི་ཤེས་དཀའ་ཡང་སྤྱིའི་ཀུན་སྤྱོད་དེ་རྩིས་གཞི་ག་རེ་ཞིག་ཡོད་ན་དེ་མཐོང་སྡོད་ཀྱི་ཡོད་པས་ཀུན་སྤྱོད་ཐོག་གཟབ་ནན་གནང་རོགས། མདོར་བསྡུས་ནས་བཤད་ན་ང་རང་ཚོ་ཕྱོགས་ཡོངས་ནས་དགེ་ལུགས་སྤྱིའི་སྒྲིག་གཞི་གཞིར་བཟུང་ཐོག་ཕེབས་ཐུབ་པ་གནང་རོགས་ཞེས་སོགས་གསུངས་སོང་།

mundgod3དེ་ནས་རྒྱུགས་ཞིབ་དོ་དམ་པ་སེར་བྱེས་དགེ་བཤེས་ཉི་མ་ཚེ་རིང་གིས་དགེ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སྒྲིག་གཞི་དང་འབྲེལ་གསུང་བཤད་གནང་དོན།        དགེ་ལུགས་རྒྱུགས་སྤྲོད་འདི་༧གོང་ས་སྐྱབས་མགོན་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག་ཕྱི་ལོ་༡༩༧༥ ནས་དངོས་སུ་སྒྲིག་གཞི་གཏན་འབེབས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེ་ཡང་རྒྱུགས་ཞིབ་པ་དང་རྒྱུགས་སྤྲོད་པ་རྣམས་པ་ལྷན་རྒྱུས་ཀྱི་དགོངས་པའི་མངའ་གསལ་བཞིན་དགེ་ལུགས་རྒྱུགས་སྤྲོད་འདི་ནི་རྒྱུགས་སྤྲོད་གཞན་དང་མི་འདྲ་བར་རྒྱུགས་སྤྲོད་སྐབས་སུ་རྣམ་པ་ཚོའི་ཐུགས་ལྷོད་ཡངས་དུ་མ་སོང་བར་རྩོད་རྒྱུགས་དང་བྲིས་རྒྱུགས་སོགས་ཕྱོགས་གང་ཐད་ནས་མཐུས་ཤོར་དང་ཆུད་ཟོས་སུ་མི་འགྲོ་བར་གཟབ་ནན་གྱི་སྒོ་ནས་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཙམ་དུ་མ་ཟད་ནང་བསྟན་སྤྱི་ལ་མཚན་ཤས་མི་འགྲོ་བ་ཞིག་ལ་དགོངས་བཞེས་ཚུལ་མིན་གྱི་སྤྱོད་པ་དང་མ་འདྲེས་པར་རྒྱུགས་སྤྲོད་ཚུལ་མཐུན་གནང་དགོས་པ་དང་། རྒྱུགས་ཞིབ་པ་ཚོའི་ངོས་ནས་ཀྱང་བརྒྱ་ཆ་ཇི་ཐོབ་གསོལ་རྩལ་ཙམ་མ་ཡིན་པར་རྒྱུགས་སྤྲོད་བྱེད་བཞིན་པའི་སྐབས་ཀྱི་ཐོག་མཐའ་བར་གསུམ་ཀུན་དུ་དོ་དམ་ཞིབ་ཚགས་གནད་སྨིན་གནང་རྒྱུ་དང་། བརྒྱ་ཆ་སྤྲོད་ཕྱོགས་དེ་ཡང་དངོས་ཡོད་གནས་ཚུལ་ཐོག་སུ་མཁས་སུ་ཞན་ལ་བརྒྱ་ཆ་ཡང་དེ་ལུགས་སྤྲོད་དགོས་པ་གལ་ཆེན་པོ་རེད་མ་གཏོགས་ཚང་མ་ལ་འདྲ་མཉམ་གྱི་བརྒྱ་ཆ་དེ་འདྲ་ཡོང་མི་སྲིད་པ་འདྲ་བོ་རེད། ཞིབ་ཚགས་གནང་རོགས་ཞུ་རྒྱུ་ཡིན། གལ་སྲིད་རྒྱུགས་སྤྲོད་པ་དང་རྒྱུགས་ཞིབ་པ་སུ་རོང་གིས་ཀུན་སྤྱོད་དང་མི་མཐུན་པའི་ནོར་འཁྲུལ་ཤོར་བ་ཡིན་ན་སེང་རྒན་གྱི་མགོ་ཐོག་དུ་ཁྱི་རྒན་གྱི་ལག་པ་མི་འཇོག་ཁ་མེད་ཡིན་པས། དགེ་ལུགས་སྤྱིའི་སྒྲིག་གཞི་གཞིར་བཟུང་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན། རྒྱུགས་སྤྲོད་པ་དང་རྒྱུགས་ཞིབ་པ་ཡོངས་ཀྱི་བསྟན་དོན་ལ་དགོངས་ཏེ་ཤུན་ཏུ་གལ་གནད་ཆེ་བའི་རྒྱུགས་སྤྲོད་འདི་ཉིད་ཚགས་ཚུད་ལེགས་འགྲུབ་ཡོངས་བར་དགོངས་བཞེས་ལྷུག་པོར་གནང་སྐྱོང་ཐོག་འབད་རྩོན་གནང་རོགས་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།

དེ་ཡང་དངོས་གཞིའི་རྒྱུགས་སྤྲོད་ཆེན་མོ་དེ་ཚེས་༣༡ ནས་ཕྱི་ཟླ་༩ ཚེས་༢༠ བར་བྲིས་རྒྱུགས་དང་རྩོད་རྒྱུགས་བཅས་རིམ་པས་རྒྱུགས་སྤྲོད་ལེན་གྱི་ཡིན་པ་དང་། དེ་བཞིན་ད་ལན་གྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་རྒྱུགས་ཞུགས་གནང་མཁན་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་རྭ་སྟོད་བཅས་ནས་འཛིན་གྲྭ་དྲུག་གི་ནང་ནས་དགེ་འདུན་པ་༦༦༦ཙམ་དངོས་སུ་རྒྱུགས་ཞུགས་གནང་གི་ཡོད་པ་དང་། བརྒྱ་ཆ་སྤྲོད་མཁན་གྲངས་༣༠ དང་རྒྱུགས་སྤྲོད་དོ་དམ་པ་༣ རྒྱུན་ལས་༢ བྲིས་རྒྱུགས་ལྟ་རྟོག་པ་༡༠ བཅས་ཕེབས་ཡོད་པ་རེད་འདུག

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།

Share this:
༥༤༨ ཀློག་གྲངས།