སྲིད་སྐྱོང་གིས་དྷ་སའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་ལ་གཏམ་བཤད།

ཕྱི་ཟླ་༩ ཚེས་༨ ཉིན་དྷ་ས་ས་བདེ་དོན་ཁོར་ཡུག་ཚོགས་ཁང་དུ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོགདྷ་ས་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་གི་རྒྱུན་ལས་རྣམས་གཙོས།གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་། ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམས་ལ་སྲིད་སྐྱོང་བློ་བཟང་སེང་གེས་“དབུ་མའི་ལམ་ག་རེ་བྱས་ཏེ་དགོས་ཀྱི་ཡོད་དམ་”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།

སྐབས་དེར་སྲིད་སྐྱོང་དང་མཉམ་དུ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱང་ཕེབས་ཡོད་པ་རེད།

DSC_3798དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་སྐབས། བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་ཐོག་གོ་རྟོགས་སྤེལ་རྒྱུའི་ལས་གཞི་ཞིག་སྤེལ་ཡོད་པ་དང་། དེའི་རྒྱུ་རྐྱེན་དང་དམིགས་ཡུལ་གཙོ་བོ་ནི་མི་དམངས་མང་པོ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཀྱང་། དེའི་སྐོར་ལ་གཏིང་ཟབ་པོ་མི་ཤེས་མཁན་དང་།དེ་བཞིན་རྒྱལ་སྤྱིའི་ཐོག་མི་མང་པོ་ཞིག་གིས་དབུ་མའི་ལམ་གོ་ནོར་དང་། འགྲེལ་བརྗོད་ཡང་ནོར་བ་བྱས་ཏེ་རྒྱ་གཞུང་ལ་གོ་ནོར་ཐེབས་པ་མང་པོ་འབྱུང་བའི་རྐྱེན་གྱིས་ཕྱི་རྒྱལ་ཁག་དང་།རྒྱ་མི་མང་ལའང་གོ་རྟོགས་སྤེལ་དགོས་པ་གལ་ཆེ་སྐོར། བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་ཇུས་དེ་འཛིན་དགོས་དོན་ནི་བོད་ནང་ལ་ཛ་དྲག་གི་དྲག་གནོན་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དང་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཐོབ་ཆེད་དུ་ཡིན་སྐོར། དེ་བཞིན་དབུ་མ་དང་ཞི་བའི་སྲིད་ཇུས་ལ་བརྟེན་ནས་༧གོང་ས་མཆོག་གིས་དབུས། བོད་མིའི་འགོ་ཁྲིད་རྣམས་ཕྱིའི་རྒྱལ་ཁབ་མང་ཆེ་བས་ནང་དམ་དྲག་མེད་པར་འགྲིམ་འགྲུལ་བྱེད་ཆོག་པ་དང་།རེ་བ་རྒྱག་པ་དང་། ལས་འགུལ་སྣ་ཚོགས་སྤེལ་ཆོག་པ།གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་རང་བཙན་རྩོད་པ་ཡིན་ན་རྒྱ་གར་དང་རྒྱ་ནག་གཉིས་བར་༡༩༥༤ ལོར་བཞག་པའི་ཆིངས་ཡིག་དོན་མཚན་ལྔ་དང་འགལ་གྱི་ཡོད་པས་རྒྱ་གར་གཞུང་ལ་གནོན་ཤུགས་ཡོང་སྲིད་པའི་སྐོར། ༧གོང་ས་མཆོག་གི་ཞི་བ་དང་དབུ་མའི་ལམ་ལ་བརྟེན་ནས་ཕྱིའི་རྒྱལ་ཁབ་མང་པོས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་མཉམ་དུ་རྒྱུ་མཚན་ཡོད་པའི་སྐད་ཆ་བཤད་གཞི་ཞིག་རག་གི་ཡོད་སྐོར་གསུངས་སོང་།

མཇུག་ཏུ་མི་མང་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད།།

Share this:
༦༧ ཀློག་གྲངས།