ཁམས་སྡེ་དགེ་འཇོ་མདའ་ཁུལ་གྱི་ཛ་དྲག་གནས་ཚུལ།

དམག་མི་དང་ཉེན་རྟོག་མི་སྣས་སྐྱབས་ཆེ་དགོན་པ་བཟུང་བསྡད་ཡོད་པ་མ་ཟད། མགྱོགས་མྱུར་དགེ་འདུན་པ་རྣམས་འཛོམས་དགོས་པའི་བཙན་བཀའ་བཏང་ཡོད་པ་དང། གལ་ཏེ་མ་མཛོམས་ན་དགོན་པ་རྩ་མེད་དུ་གཏོང་རྒྱུ་ཡིན་པར་སྡེ་དགོན་གཉིས་ཀར་ཉེན་ བརྡ་བཏང་ཡང་གྲུབ་འབྲས་གང་ཡང་མ་སོན་པའི་རྐྱེན་གྱིས་ཕྱི་ཟླ་༦ པའི་ཚེས་༢༧ ཉིན་སྐྱབས་ཆེ་དགོན་གྱི་མཆོད་སྡེའི་གཙོ་བོ་པདྨ་སྨད་པའི་ནང་དུ་ཡོང་ནས་གུང་ ཁྲན་ཏང་ཡོན་གྱི་མིང་ཡོད་པའི་བོད་མི་འགྱུར་མེད་མགོན་པོ་དང། རྒྱ་ཚང་རྡོ་རྗེ་གཉིས་འཛིན་བཟུང་བྱས་ཏེ་སྐྱབས་ཆེ་དགོན་དུ་ཁྲིད་ཡོད་པར་ཡུལ་ མི་རྣམས་དངངས་འཚབ་ཆེན་པོལངས་ཏེ་ནོར་ལྷ་དང། མགོན་པོ་དར་རྒྱས་སོགས་མི་གྲངས་ཉེར་བདུན་ཙམ་སྐྱབས་ཆེ་དགོན་དུ་སོང་ནས་གོང་ གསལ་མི་གཉིས་པོ་གློད་གྲོལ་གཏོང་དགོས་པའི་རེ་འདུན་ཞུས་ཀྱང་དེ་ལས་ལྡོག་སྟེ་ དུག་རྫས་ངན་པ་ཞིག་འཕངས་ཏེ་བོད་མི་རྣམས་མགོ་ཡུ་འཁོར་བ་དང། དྲན་པ་འཐོར་བ། མིག་གིས་མི་མཐོང་བ་བཟོས་རྗེས་དམག་མི་དང་ཉེན་རྟོག་པས་ལྕགས་རྒྱུགས་དང། གློག་རྒྱུགས། མེ་མདའི་ཡུ་བ་སོགས་མགོ་ལུས་གང་ལའང་འཛེམས་མེད་ཀྱིས་གཞུས་ཏེ་དེ་ག་རང་དུ་ནོར་ ལྷ་སོགས་དྲན་པ་འཐོར་ནས་ཆུ་ཚོད་གཉིས་ཙམ་རིང་རོ་བཞིན་གྱུར་ཡོད་འདུག

    དེང་སྐབས་འཛིན་བཟུང་བྱས་པ་རྣམས་ཀྱི་མི་མིང་ཤེས་རྟོགས་བྱུང་བ་ཁག་གཤམ་གསལ། ༡ ཤ་ཤག་ཚང་ནོར་ལྷ་རང་ལོ་༤༧། ༢་ཚེ་བཟང་ཚང་མགོན་པོ་དར་རྒྱས་རང་ལོ་༤༤། ༣ བུ་ལྷག ༤ གྲོ་ཁོ་ཚང་ཨ་འཇིག ༥ ཚུལ་ཁྲིམས། ༦ བསམ་འཕེལ་ནོར་བུ། ༧ བསོད་སྟོབས། ༨ རིས་ཆུང་ཉི་གྲགས། ༩ ཆོས་འཁོར་ཚང་རིན་ཆེན་རྒྱལ་མཚན་རང་ལོ་༡༥། ༡༠ འཇིགས་མེད་དབང་ཕྱུག། ༡༡ རྒྱལ་མཚན་ཚང་བྱམས་པ། ༡༢ བྱང་ཆུབ་ཆོས་འཕེལ། ༡༣ ག་དགེ། ༡༤ ཕྱུག་པོ་ཚང་འགྱུར་མེད། ༡༥ དོན་དགའ། ༡༦ཨོ་ཡོང་ཚེ་རིང། ༡༧ ཆོས་སྐྱོང་དབང་རྒྱལ་བཅས་སྐྱབས་ཆེ་དགོན་པའི་བཤད་གྲྭའི་གྲྭ་ཤག་རྣམས་བཙོན་ཁང་ བཟོས་ནས་བཀག་ཉར་བྱས་ཡོད་འདུག དེ་དག་གི་ནང་ནས་ནག་ཉེས་ཆེ་ཤོས་དང། བྱེད་གཏེ་རུ་ཉེས་འཛུགས་ཀྱིས་ནོར་ལྷ་དང།མགོན་པོ་དར་རྒྱས་གཉིས་ཉིན་དེ་རང་དུ་ འཇོ་མདའ་རྫོང་དུ་བཙན་ཁྲིད་བྱས་ཡོད་ཀྱང། ད་བར་ཕྱི་ནང་སུས་ཀྱང་ཁོང་གཉིས་ཀྱི་གནས་སྟངས་ཤེས་མི་མེད་སྟབས། ཡུལ་མི་དང་ཉེ་འབྲེལ་རྣམས་སེམས་འཚབ་ཤིན་ཏུ་ཆེན་པོ་བྱེད་བཞིན་ཡོད་འདུག འཕྲོས་ལུས་སྐྱབས་ཆེ་དགོན་དུ་འཛིན་བཟུང་བཀག་ཉར་བྱས་པའི་ནང་ནས་རྒྱལ་མཚན་ཚང་ བྱམས་པ་དང། རྨུ་ཚ་ཚང་ཚེ་བརྟན། བུ་ལྷུག་གསུམ་ཕྱི་ཟླ་༧ པའི་ཚེས་༢ ཉིན་འཇོ་མདའ་རྫོང་དུ་བཙན་ཁྲིད་བྱས་ཡོད་པ་རེད།

    ཉིན་དེའི་དགོང་མོ་ས་མ་རུབ་ཙམ་དུ་ཡུལ་མི་བཞི་བཅུ་ཙམ་གྱིས་གོང་གསལ་བོད་མི་ རྣམས་གློད་གྲོལ་དགོས་པའི་རེ་འདུན་ཞུ་བར་འགྲོ་སྐབས་དུག་རྫས་དང། མེ་མདའ་མང་པོ་བོད་མི་དེ་རྣམས་ཀྱི་ཁྲོད་དུ་འཕངས་ཏེ་གནས་བརྟན་ཚེ་རིང་དང། ཚེ་བརྟན་འགྱུར་མེད།་དགེ་ལྷ། གྲོ་སྐྱབས། ག་ཆུང་དར་རྒྱས། དཔའ་རྒྱལ། འཕྲིན་ལས་དར་རྒྱས།བུད་མེད་པ་སངས་སོགས་བོད་མི་མང་པོ་རྨས་སྐྱོན་ཆེན་པོ་ཐེབས་ ཡོད་འདུག་པས། ཁོང་ཚོ་ཡང་ཤི་གསོན་ཅི་འགྱུར་ད་ཆ་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད་འདུག

    ཟླ་འདིའི་ཚེས་༧ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འཇོ་མདའ་རྫོང་ཁོངས་ཀྱི་གྲོང་ཚོ་དྲུག་སྟེ།སྐེ་རེ་སྨད་མ་དང། རི་འོག་རུ་པ། སྐེ་སྲིབ། སོས་ཁོག པདྨ་སྨད་མ། ནོར་མ་རུ་པ། སྐྱབས་ཆེ་དགོན་བཅས་ཀྱི་འཐུས་མི་༣༠ འཇོ་མདའ་རྫོང་དུ་ཆེད་བཅར་གྱིས་ཉེ་སྔོན་ཕྱི་ཟླ་༦་ཚེས་༢༧ ཉིན་འཛིན་བཟུང་བྱས་པའི་ཨ་ཤག་ཚང་ནོར་ལྷ་རང་ལོ་༤༧ དང༌། ཚེ་བཟང་ཚང་མགོན་པོ་དར་རྒྱས་རང་ལོ་༤༤ ཅན་གཉིསདང། སྐྱབས་ཆེ་དགོན་དུ་འཛིན་བཟུང་བཀག་ཉར་བྱས་པའི་ནང་ནས་རྒྱལ་མཚན་ཚང་བྱམས་པ་དང། རྨུ་ཚ་ཚང་ཚེ་བརྟན། བུ་ལྷུག་གསུམ་ཕྱི་ཟླ་༧ པའི་ཚེས་༢ཉིན་འཇོ་མདའ་རྫོང་དུ་བཙན་ཁྲིད་བྱས་པ་རྣམས་གློད་གྲོལ་དགོས་པ་དང་ གོང་གསལ་མི་ ངོ་རྣམས་འཛིན་བཟུང་བཙོན་འཇུག་དགོས་པའི་ཉེས་པ་གང་ཡང་མེད་པ་མ་ཟད། སྤྱི་ཚོགས་ནང་ཡ་རབས་སྤྱོད་བཟང་གི་མིག་དཔེར་འོས་པ་ཤ་སྟག་ཏུ་སོང་གཤིས་མྱུར་ དུ་གློད་གྲོལ་དགོས་པའི་འབོད་སྐུལ་ཞུས་འདུག་ཀྱང་ད་བར་ཡ་ལན་གང་ཡང་བྱས་མི་ འདུག།

    གཞན་ཡང་འདི་ལོའི་ས་ཟླའི་དུས་ཆེན་ཉིན་ལྷ་སར་མཆོད་མཇལ་བྱེད་མཁན་ཁམས་དང་ཨ་ མདོ་གཙོ་གྱུར་བོད་མི་མང་པོ་འཛིན་བཟུང་བྱས་པའི་ནང། ༡ ཁམས་སྡེ་དགེ་མཁར་སྒང་བསོད་སྟོབས། ༢ མཁར་སྒང་བསྟན་པ་རྣམ་རྒྱལ། ༣ སྡེ་དགེ་དཔེ་ཝར་བ་པད་རྡོ། ༤ སྡེ་དགེ་སྒྲོན་མ་སྐྱབས། ༥ སྡེ་དགེ་རག་ཆབ་བ་ངག་རྡོ། ༦ སྡེ་དགེ་དཔེ་ཝར་བ་པད་རྡོ། ༧ཁམས་ཚ་བ་སྔ་ཚེ་རིང་འགྱུར་མེད་བཅས་ད་དུང་གློད་གྲོལ་མ་བཏང་བར་རྡུ་སྡེག་དང། ཚ་འདྲི་བཟོད་པར་དཀའ་བ་བྱེད་བཞིན་ལྷ་ས་རྒུ་རྩ་བཙོན་ཁང་དུ་ཡོད་པའི་གནས་ཚུལ་ ཡང་ཤེས་རྟོགས་བྱུང་འདུག།།

Share this:
༡༢༡ ཀློག་གྲངས།