རང་བདེན་ཚོགས་ཆུང་དང་འབྲེལ་བའི་བསམ་ཚུལ།

གཡུ་སྒང་དགེ་འདུན།
ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༧ ཉིན་དྷ་ས་རང་བདེན་ཚོགས་ཆུང་གིས་ནོར་གླིང་གི་ལས་བྱེད་ཚོའི་ཕོགས་འབབ་བརྒྱ་ཆའི་སྒོར་བསྡུ་རུབ་ལ་ཕེབས་སྐབས་ཀྱི་ཐད་ནས་ཚིག་འབྲུ་གསུམ་བཤད་འདོད་བྱུང་།

སྤྱིར་དེ་ཚབས་ཆེན་རང་བཞིན་ཞིག་མ་རེད་དེ། ཡི་གེ་སོགས་ནོར་བ་མང་དྲགས་ན་ངན་པ་ལངས་ཤོར་དུ་སོང་ནས་ཆུང་ཆུང་ཆེན་པོར་མི་འགྱུར་བའི་ངེས་པ་མེད་སྟབས། གུས་པས་འདིར་གསལ་འདེབས་སུ་བཀོད་པ་ཡིན། རང་བདེན་ཚོགས་ཆུང་གིས་དང་བླང་དཔྱ་ཁྲལ་གྱི་སྒོར་ལྷག་མ་ལེན་པ་དང་། ཆད་ཡོད་པའི་རིགས་ཀྱི་ཐད་ལ་གཟབ་ནན་བྱེད་རོགས། ངས་སྤྱིར་སྒོར་༥༨ ལྷག་མ་བླང་ན་ཚབས་ཆེན་རེད་ཟེར་གྱི་མེད། རང་བདེན་ཚོགས་ཆུང་གི་མི་རྣམས་ཐེབ་ཆག་རེད་སྒོར་ཟ་བཞིན་པ་རེད་ཀྱང་དེ་ལས་ཟེར་གྱི་མེད།
འོན་ཀྱང་། དཔལ་འབྱོར་ལས་ཁུངས་དང་རྩིས་ཁྲ་ཏག་ཏག་འགྲོ་དགོས་པའི་ཆ་ནས་འགྲོ་སྟངས་གཙང་མ་ཞིག་ངེས་པར་དུ་དགོས། དེར་བརྟེན་ལས་ཁུངས་འདིར་ལས་ཀ་བྱེད་མཁན་རྣམས་སྤྱི་ཚོགས་དང་གཞུང་གི་ལས་ཁུར་གྱི་འགྲོ་སྟངས་ལ་ཉམས་མྱོང་ཅུང་ཡོད་མཁན་ཅིག་དང་། ལོ་རེའི་དཔྱ་ཁྲལ་ཆད་ལྷག་མེད་པ་༼དཔྱ་ཁྲལ་སྤྲད་མེད་པ་མ་ཤེས་པར་སྤྲད་ཡོད་ཤག་བྱེད་པ། ཡང་ན། སྤྲད་ཟིན་པའང་མ་ཤེས་པར་ལྷག་མ་ལེན་པ།༽ཞིག་ཕྱག་ལས་གནང་ཐུབ་མཁན་ཞིག་དགོས་པ་ལས་གང་བྱུང་མང་བྱུང་ལས་ཀ་བྱེད་པའམ་ཡིད་གཟབ་མེད་པར་ལས་ཀ་བྱེད་མཁན་དེ་ཚོའི་རིགས་ལས་གནས་དེར་མ་བཞུགས་ན་བཟང་།

ལས་ཁུངས་དེར་ཕྱག་ལས་གནང་མཁན་གྱི་ཁྲོད་ཀྱི་ནོར་མཁན་དེ་སུ་ཡིན་སོ་སོའི་ནང་ཁུལ་ནས་ཐེར་འདོན་གྱིས་ཐག་གཅོད་བྱས་ན་ལེགས་སྙམ།  སྤྱིར་བཏང་བྱས་ན་འདི་རང་བདེན་ཚོགས་ཆུང་གི་ལས་ཁུངས་རང་ལ་གསལ་བཤད་བྱེད་ཆོག་མོད། འོན་ཀྱང་། དྷ་སའི་རང་བདེན་ཚོགས་ཆུང་གཅིག་པུ་མ་ཡིན་པར་ས་གནས་གཞན་གྱི་ཡན་ལག་ཁག་ནའང་དེ་ལྟར་ཡོང་གི་ཡོད་པ་དོགས་པ་ཟ་མི་དགོས་པ་ཞིག་མ་རེད། དེར་བརྟེན་འདིའི་རིགས་མི་མང་ཚང་མའི་མིག་གི་མཐོང་ཆོས་སུ་གྱུར་ན་ལས་བྱེད་ཀྱིས་གཟབ་ནན་བྱེད་པར་ཕན་ཐོགས་ཡོད་པས་བྲིས་པ་ཡིན། ད་དུང་དཔྱ་ཁྲལ་ལག་དེབ་ངོས་སུ་ཡི་གེ་འབྲི་དགོས་པ་རྣམས་དག་ཆ་དང་ཆད་ལྷག་མེད་པར་འབྲི་རྒྱུ་དང་། ལས་ཁུངས་སུ་ཉར་ཡོད་པའི་བྱུང་འཛིན་དང་ལག་དེབ་ངོས་ལ་བྲིས་ཡོད་པའི་ཡི་གེ་གཉིས་མི་འདྲ་བ་དེ་འདྲའི་རིགས་མི་འབྱུང་བ་བྱེད་རྒྱུ་གལ་ཆེན་རེད།

DSCN5433ངས་འདི་ལྟར་བཤད་ན། དེ་དོན་གནད་འགག་མ་རེད་ལས་ཁུངས་སུ་ཡོད་པ་དེ་གཞི་བཟུང་ནས་སོང་ན་འགྲིག་གི་རེད་ཟེར་མཁན་ཡོད་སྲིད། གལ་སྲིད་དེ་ལ་གནད་འགག་ཆེན་པོ་མེད་ཀྱང་། དཔེར་ན། དཔྱ་ཁྲལ་ལག་དེབ་ཏུ་༡༢༧ བྲིས་ཡོད་པ་ཞིག་ལས་ཁུངས་བྱུང་འཛིན་དུ་༡༢༦༣ བྲིས་ཡོད་པ་ཡིན་ན། མི་དེ་ས་གནས་ལས་ཁུངས་སུ་འགྲོ་དགོས་བྱུང་སྐབས་ལག་དེབ་རྩ་འཛིན་ཞིབ་ཚགས་ལྡན་པ་ཞིག་བྱས་ཏེ་དེ་ནོར་འདུག་བཟོ་བཅོས་རྒྱག་ཏུ་སོང་ལབ་ན་མི་དེ་ཛ་དྲག་གི་དུས་ཚོད་ཅིག་ལ་ཡར་རྒྱུག་མར་རྒྱུག་བྱེད་དགོས་པའི་ལས་ཀ་ཞིག་ཆགས་པ་ཡིན་ན། དེ་ཡང་ཕར་ཕྱོགས་ག་འདྲ་ཞིག་ཆགས་ཡོད་མེད་ཀྱང་བསམ་བློ་གཏོང་དགོས་ཡུལ་ཞིག་རེད། ལས་ཀ་ཆེ་ཆུང་གང་ཡིན་ཡང་། ཡང་ལས་སྐྱར་ལས་མི་འབྱུང་བ་ཞིག་ཡིན་ན་རང་གཞན་གཉིས་ལ་ཕན་པ་ཙམ་མ་ཟད་སྒྲིག་འཛུགས་ཚད་ལྡན་ཞིག་གི་ལག་དེབ་ཀྱི་འགྲོ་སྟངས་ཡང་ཆགས་པ་རེད། དོན་དག་ཆུང་ཆུང་རེད་ཅེས་པའི་སྣང་མེད་ཀྱི་ལྟ་སྟངས་དེ་འདྲ་མེད་ན་ཡག་གི་རེད་སྙམ། སྐབས་འདིའི་དཔྱ་ཁྲལ་ལག་དེབ་ཨང་གྲངས། In2918116 འདི་རེད་ལ་འོག་གི་བྱུང་འཛིན་གྱི་ཨང་གྲངས་ལྟར་ཞིབ་གཟིགས་གནང་རོགས། ༢༠༡༤ ཟླ་༥ ཚེས་༧ ཉིན་དཔྱ་ཁྲལ་ཕུལ་ཟིན་འདུག་ལ། བྱུང་འཛིན་ཨང་ ༡༠༥༧༣༢༥ རེད། ༢༠༡༤ ཟླ་༨ ཚེས་༢༧ ཉིན་ནོར་གླིང་ལས་བྱེད་ཕོགས་འབབ་བརྒྱ་ཆ་བསྡུ་ལེན་སྐབས་ཡང་བསྐྱར་དཔྱ་ཁྲལ་སྒོར་ ༥༨ བླངས་འདུག བྱུང་འཛིན་ཨང་། 1089858 རེད། ད་དུང་གཞན་གཤམ་གྱི་བྱུང་འཛིན་ཨང་འདིའི་དཔྱ་དངུལ་སྒོར་གྲངས་འབྲི་སྟངས་ཤིག་ཀྱང་ནོར་འདུག་སྙམ། དཔྱ་ཁྲལ་སྒོར་ ༤༨ དང་ཟས་བཅད་དོད་སྒོར་ ༡༠ ། ཕོགས་འབབ་བརྒྱ་ཆའི་ ༡༢༠༥ ། བྱུང་འཛིན་ཨང་། 1089858 ་་་་་ནང་ཕྱི་ལོ་ ༢༠༡༤ ལོའི་དཔྱ་དངུལ་སྒོར་་་་་་༡༢༧ ་་་ཞེས་དཔྱ་ཁྲལ་ལག་དེབ་དུ་འདི་ལྟར་བྲིས་འདུག་པས་གལ་སྲིད་འདི་ནོར་མེད་ན་བཀྲ་ཤིས་བདེ་ལེགས་དང་། ནོར་ཡོད་ན་ཕྱག་ལས་གནང་མཁན་ཚོས་ཐུགས་བསམ་ཆེ་བཞེས་གནང་རོགས། ཕྲན་གྱི་བསམ་ཚུལ་ལྟར་ན། དཔྱ་ཁྲལ་སྒོར་ ༤༨ དང་ཟས་བཅད་དོད་སྒོར་ ༡༠ ། ཕོགས་འབབ་བརྒྱ་ཆའི་ ༡༢༠༥ ། ཁྱོན་སྡོམས་ ༡༢༦༣ ཡིན་རྒྱུ་རེད་སྙམ། གང་ལྟར་བྱུང་འཛིན་དང་ལག་དེབ་ཚང་མ་མཐུན་པ་ཞིག་དགོས་པ་རྩ་དོན་རེད། གཞུང་སྒེར་གང་ཡིན་ཡང་ལས་བྱེད་ངེས་པར་དུ་ཕྱག་ལས་ཞིབ་ཚགས་ཡོད་པ་ཞིག་དགོས། ངས་འདི་ལྟར་བཤད་ན་རང་བདེན་ཚོགས་ཆུང་གིས་ནོར་འཁྲུལ་གཞན་གྱིས་མགོར་གཡུགས་སྲིད་ཀྱང་། དེ་ལ་གཡོལ་ཐབས་གཏན་ནས་མེད་རང་གིས་བསྙལ་བའི་ཆང་དེ། སྐྱུར་བོ་ཡིན་ཡང་འཐུང་དགོས་པའི་དཔེ་ལྟར། རང་བྱས་ངོས་ཟིན་གྱིས་རྗེས་ཕྱོགས་ཕྱག་ལས་ཆུང་ཙག་ཡིན་ཡང་གཙང་མ་ཞིག་ཡོང་བའི་རེ་སྐུལ་ཡང་ཞུ་རྒྱུ།
༢༠༡༤ཟླ་༩ ཚེས་༡༠ ཉིན་བྲིས།

Share this:
༢༤༢ ཀློག་གྲངས།