ཐེ་ཝན་སློབ་ཆེན་ནང་བོད་དོན་སྐོར་གྱི་སློབ་ཁྲིད་འགོ་འཛུགས།

ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཟླ་འདིའི་ཚེས་༡༨ ཉིན་གནས་ཚུལ་མཁོ་སྤྲོད་གནང་བལྟར་ན། ཐེ་ཝན་ཡུང་ཧེའི་གྲོང་ཚོ་སློབ་གྲྭ་ཆེན་མོར་བོད་དོན་སྐོར་གྱི་སློབ་འཁྲིད་ཐེངས་དང་པོ་དེ་ཕྱི་ཟླ་༩ ཚེས་༡༧ ཉིན་དངོས་སུ་འགོ་འཛུགས་བྱས་ཡོད་པ་རེད།
སློབ་གྲྭའི་འཆར་གཞི་ལྟར་བདུན་རེའི་རེས་གཟའ་ལྷག་པ་འཆར་ཅན་དགོང་དྲོ་ཆུ་ཚོད་ ༧ ནས་ ༡༠ བར་བོད་དོན་ངོ་སྤྲོད་ཀྱི་སློབ་ཚན་གོ་སྒྲིག་གནང་ཡོད་པ་དང་། སློབ་དུས་གཅིག་ལ་བདུན་ཕྲག་བཅོ་བརྒྱད་ཡིན་པ་རེད།

DSC_0942སློབ་ཚན་དང་པོ་དང་གཉིས་པ་གཉིས་ཐེ་ཝན་དོན་ཁང་གི་ཟུང་དྲུང་བསོད་ནམས་རྡོ་རྗེས་བོད་ཀྱི་སྤྱི་བཤད་ངོ་སྤྲོད་དང་། དེ་རྗེས་དོན་གཅོད་ཟླ་བ་ཚེ་རིང་གིས་བོད་ཕྱི་ནང་གཉིས་ཀྱི་འདས་དང་ད་ལྟའི་གནས་སྟངས་དང་། དབུ་མའི་ལམ་གྱི་སྐོར། དེ་བཞིན་བོད་མིའི་ཡུལ་སྲོལ་སོགས་དང་། དོན་གཅོད་ལས་ཁུངས་ཀྱི་ཆོས་དགེ་ནས་བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བསྡུས་སོགས་ཀྱི་སློབ་ཚན་འཆར་འགོད་གནང་ཡོད་པ་རེད།

ཡུང་ཧེའི་གྲོང་ཚོ་སློབ་གྲྭ་ཆེན་མོ་ནང་འདེམས་ག་ཆོག་པའི་སློབ་ཚན་སྣ་མང་གོ་སྒྲིག་གནང་གི་ཡོད་པ་དང་། དེ་ཡང་ཐོག་མར་སློབ་ཁྲིད་གནང་མཁན་རྣམས་ཀྱིས་སློབ་དུས་གཅིག་རིང་གི་སློབ་ཚན་འཆར་གཞི་བཀོད་རྗེས་ཚོད་རྒྱུགས་ལྟ་བུའི་སྔོན་འགྲོའི་སློབ་ཚན་ཐེངས་རེ་སློབ་ཁྲིད་བྱེད་དགོས་ཀྱི་ཡོད། ཚོད་རྒྱུགས་ལེན་མཁན་ས་གནས་འདྲ་མིན་ནས་གདན་ཞུ་གནང་བའི་དགེ་རྒན་མི་གྲངས་བཅོ་ལྔ་ཡིས་མཐུན་མོང་མོས་མཐུན་བྱུང་རྗེས་སློབ་ཆེན་གྱི་དངོས་གཞིའི་སློབ་འཁྲིད་ཁོངས་བཅུག་ནས་དྲ་རྒྱའི་བརྒྱུད་ལམ་ཐོག་གསལ་བསྒྲགས་སྤེལ་གྱི་ཡོད་པ་རེད།

སློབ་ཆེན་དེའི་ནང་སློབ་མ་རྣམས་ལ་སློབ་ཡོན་ཕུལ་དགོས་པ་དང་སློབ་ཡོན་མི་དགོས་པ་རིན་མེད་ཀྱི་སློབ་ཚན་བཅས་ཁག་གཉིས་ཡོད་ཁོངས། བོད་དོན་ངོ་སྤྲོད་ཀྱི་སློབ་ཚན་དེ་ནི་སློབ་ཡོན་ཕུལ་དགོས་པའི་ཁོངས་སུ་བཞག་ཡོད་པ་དང་། ཐེངས་འདིའི་བོད་དོན་ངོ་སྤྲོད་ཀྱི་སློབ་ཚན་ལ་རང་མོས་ཐོ་འགོད་གནང་མཁན་མི་གྲངས་ ༢༦ བྱུང་ཡོད་པས། སློབ་མ་མང་ཤོས་ཀྱི་འཛིན་གྲྭ་ཞིག་ཆགས་ཡོད་པ་རེད།།

Share this:
༡༠༤ ཀློག་གྲངས།