སྦེལ་རྗམ་སྐྱབས་བཅོལ་བོད་མིའི་ཡིད་ཆེས་དང་རེ་བ།

འདས་ལོའི་ནང་ནས་སྦེལ་ལྗམ་ཁུལ་གྱི་བོད་མི་སྐྱབས་བཅོལ་བ་དག་ལ་ཡིག་ཆ་མ་རག་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེའི་སྐོར་བོད་པའི་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། ད་ལྟ་སྦེལ་ལྗམ་སྐྱབས་བཅོལ་བོད་མིའི་འཐུས་མི་རྒྱུན་ལས་ཀྱི་ཐོ་གཞུང་ལྟར་ན་སྐྱབས་བཅོལ་སྙན་ཞུའི་དྲིས་ལན་སྒུག་མཁན་མི་གྲངས་ ༡༡༩ དང་སྦེལ་ལྗམ་སྐྱབས་བཅོལ་ལས་ཁུངས་ཀྱིས་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་བཅད་ཟིན་པའི་མི་གྲངས་༢༢༢ བཅས་ཁྱོན་མི་གྲངས་ ༣༤༡ ཙམ་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

དཀའ་ངལ་འདིའི་སྐོར་ལ་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༧ དང་༨ གཉིས་ཀྱི་ཐོག་ལ་ཡང་ཟུར་ཙམ་རེ་གླེང་སློང་བྱུང་ཡོད་པ་རེད། ཡིན་ནའང་ཚོགས་དུས་ ༨ ཐོག་ཚོགས་གཙོའི་དབུ་འཛུགས་གསུང་བཤད་སོགས་སུ་སྦེལ་ལྗམ་བོད་མིའི་དཀའ་ངལ་སྐོར་གྲོས་ཚོགས་ནང་བགྲོ་གླེང་བྱ་རྒྱུ་མིན་པ་དང་། དེ་ཡང་གནད་དོན་དེ་འབྲེལ་གྱི་སྐར་རྟགས་ཅན་དྲི་བ་ཞིག་བྱུང་ཡོད་པ་ཡང་གནད་དོན་ལ་ཕན་ལས་གནོད་ཆེ་བའི་རྒྱུ་མཚན་གྱིས་ཕྱིར་འཐེན་བྱས་ཡོད་སྐོར་ཡང་གསུངས་བྱུང་། ཚོགས་གཙོའི་གསུང་བཤད་གནང་སྟངས་ལ་བལྟས་ན་སྦེལ་ལྗམ་སྐྱབས་བཅོལ་བོད་མིའི་དཀའ་ངལ་སྐོར་གྲོས་ཚོག་ནང་གླེང་ནས་ཕན་ལས་གནོད་ཆེ་བའི་རྒྱུ་མཚན་ནི་འཛིན་སྐྱོང་གིས་དྲིས་ལན་དྲང་པོ་རྒྱག་དགོས་པ་ལ་བརྟེན་ནས་ཡོང་རྒྱུ་ཡིན་པ་ལྟ་བུ་ཞིག་རེད་འདུག་ན་ཏོག་ཙམ་ཡ་མཚན་པའི་གནས་ཚུལ་ཞིག་ཏུ་མཐོང་།

གང་ལྟར་དེང་སྐབས་སྦེལ་ལྗམ་ནས་དཀའ་ངལ་འཕྲད་ཡུལ་གྱི་མི་སྣ་རེ་ཟུང་གིས་གྲོས་ཚོགས་ནང་གླེང་རྒྱུར་རེ་བ་བྱེད་ཀྱི་ཡོད་འདུག་ནའང་། དེ་ནི་གཙོ་བོ་སྦེལ་ལྗམ་དུ་དཀའ་ངལ་འཕྲད་བཞིན་པའི་སྐྱབས་བཅོལ་བོད་མིའི་དཀའ་ངལ་སེལ་ཐབས་གང་དགོས་ཅི་དྲག་གི་སྐོར་གླེང་རོགས་ཟེར་བ་ལས། དེ་མིན་བོད་མི་ཕྱི་རྒྱལ་ལ་འགྲོ་སྟངས་ག་འདྲ་ཡིན་མིན་དང་། དཀའ་ངལ་གྱི་བྱུང་རྐྱེན་སོགས་དང་འབྲེལ་བའི་དོགས་འདྲི་དང་བགྲོ་གླེང་བྱ་རྒྱུར་རེ་བ་རྒྱག་གི་ཡོད་མི་སྲིད་པ་ཞིག་རེད་ལ། བོད་མི་ཕྱི་རྒྱལ་ཁག་ལ་སྐྱབས་བཅོལ་དུ་འགྲོ་སྟངས་ཡང་ག་འདྲ་ཡིན་མིན་ཚང་མས་ཤེས་གསལ་ཡིན་པས་དེ་ལ་ཡག་ཉེས་ཀྱི་འདམས་ང་བཞག་ནས་གླེང་དགོས་དོན་ཡང་ཨེ་ཡོད་སྙམ།

ཡང་ཕྱོགས་གཞན་ཞིག་ནས་བཤད་ན་སྦེལ་ལྗམ་སྐྱབས་བཅོལ་བོད་མིའི་དཀའ་ངལ་སྐོར་གྲོས་ཚོགས་ནང་གླེང་དང་མི་གླེང་། གླེང་ན་ག་འདྲ་གླེང་མིན་ནི་མི་མང་གི་འཐུས་མིའམ་སྤྱི་འཐུས་རྣམས་ཀྱིས་མི་མང་ལ་འགན་ཁུར་གནང་སྟངས་ཤིག་ལ་རག་ལས་པ་ལས། གྲོས་ཚོགས་ཀྱི་ལས་རིམ་ནང་གནད་དོན་གང་ཞིག་ཡིན་ནའང་མི་རེ་ཟུང་གིས་གླེང་རོགས་ཟེར་ནས་གླེང་རྒྱུ་ཞིག་དང་། མ་གླེང་ལབ་ནས་མི་གླེང་རྒྱུ་ཞིག་ག་ལ་ཡིན་སྙམ། འོན་ཀྱང་། སྦེལ་ལྗམ་བོད་མིའི་དཀའ་ངལ་འདི་བཞིན་བོད་མི་སྒེར་པ་རེ་ཟུང་གི་དཀའ་ངལ་ཙམ་མ་ཡིན་པར། ཕར་དེད་ན་བཙན་བྱོལ་བོད་མིའམ་བཙན་བྱོལ་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཡིན་པ་དང་། དེ་ཡང་སྤྱི་ཚོགས་དང་ཆབ་སྲིད་བཅས་དང་འབྲེལ་བའི་དཀའ་ངལ་ཆེན་པོ་ཞིག་ཡིན་པ་ནི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ཚང་མས་ཤེས་དགོས་པ་ཞིག་རེད།

གང་ལྟར་སྦེལ་ལྗམ་བོད་མི་ཚོའི་སེམས་ཀྱི་རེ་བ་དང་ཡིད་ཆེས་ངོ་མ་ནི། ཉེ་ཆར་༸གོང་ས་མཆོག་འཇར་མན་ལ་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་གིས་དབུས་པའི་འབྲེལ་ཡོད་སྐུ་ཚབ་དོན་གཅོད་རྣམ་པ་སོགས་བོད་མིའི་གནད་ཡོད་མི་སྣ་རྣམས་ལ་མཇལ་ཁ་གནང་སྐབས། ༸གོང་ས་སྐྱབས་མགོན་ཆེན་པོས་དཔལ་ལྡན་སྲིད་སྐྱོང་ལ་སྦེལ་རྗམ་བོད་མིའི་དཀའ་ངལ་ལ་ལྟ་དགོས་པ་ཙམ་དུ་མ་ཟད་ཐག་གཅོད་གནང་ཤོག་ཅེས་གསུངས་ཡོད་པ་རེད་ལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་ཞལ་བཞེས་གནང་ཡོད་པ་རེད། དེ་མིན་སྤྱི་འཐུས་ཚོགས་གཞོན་མཆོག་སྦེལ་རྗམ་ས་གནས་སུ་དངོས་སུ་ཕེབས་སྐབས་ཀྱང་དཀའ་ངལ་ཅན་གྱི་འཐུས་མིའི་རྒྱུན་ལས་དང་མི་མང་བཅས་སུ། བཙན་བྱོལ་བོད་གཞུང་གི་ངོས་ནས་སྦེལ་རྗམ་བོད་མིའི་དཀའ་ངལ་ལ་ངོས་འཛིན་གསལ་པོའི་ཐོག་ནས། དཀའ་ངལ་སེལ་བར་གཞུང་གིས་འགན་ཁུར་དགོས་པ་ཞིག་དང་། དཀའ་ངལ་སེལ་རྒྱུ་ཡིན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པས། འདི་ནི་ང་ཚོའི་རེ་བ་དང་ཡིད་ཆེས་བྱེད་ས་ངོ་མ་དེ་ཡིན།

ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས་སྦེལ་ལྗམ་རྒྱལ་ས་བྷུ་རུ་སལ་ Brussel ནས།

ཕྱི་ལོ་ ༢༠༡༤ ཟླ་ ༠༩ ཚེས་ ༡༩ ཉིན།

Share this:
༡༢༤ ཀློག་གྲངས།