༢༠༡༦ ལོར་དུས་འཁོར་དབང་ཆེན་གནང་གཏན་ཁེལ་བ།

ཟླ་འདིའི་ཚེས་༢༤ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞུ་སྐབས། སྲིད་སྐྱོང་བློ་བཟང་སེང་གེས་༢༠༡༦ ལོའི་ཟླ་ ༡ ཚེས་ ༡༤ ནས་ ༢༥ བར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དུས་དབང་གནང་གཏན་ཁེལ་ཡོད་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟླ་བ་དགུའི་སྔོན་ཙམ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གནང་རྒྱུའི་བཀའ་བཞེས་ཡོད་པ་དང། དེའི་སྐབས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གཙོ་འགན་ཞུས་ཐོག་དད་ལྡན་སྦྱིན་བདག་ཁག་བཅས་ནས་ཀྱང་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ ཀྱི་འཁོར་ལོའི་བཀའ་དབང་བཀའ་དྲིན་སྩོལ་སྐབས་དད་ལྡན་སེར་སྐྱ་མི་གྲངས་ ༢༠༠༠༠༠ ལྷག་ཆེད་ཕེབས་གནང་ཡོད། དེའི་ཁོང་ནས་བོད་ནས་བོད་མི་གྲངས་ ༨༠༠༠ ནས་ ༡༠༠༠༠ བར་བཅར་ཡོད་འདུག །

Share this:
༨༢ ཀློག་གྲངས།