མང་མོས་འོས་བསྡུའི་ཐོབ་ཐང་སྤྲོད་ཕོད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༩ ཕྱི་ལོ་ ༢༠༡༤/༩/༢༧
ད་ལྟའི་ཆར་བོད་མི་རྣམས་རྒྱ་དམར་དྲག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པ་མ་ཟད། དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བ་དང། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་སུ་བཅད་བགོས་བྱས་ཡོད་ལ། ས་གནས་དེ་དག་ཏུ་ཡོད་པའི་བོད་མི་རྣམས་ལ་ཟ་བཏུང་གི་རང་དབང་ཙམ་ལས་འཛམ་གླིང་མི་མང་སྤྱི་ལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཅས་གཏན་ནས་མེད། དུས་རྒྱུན་མི་རིགས་དབྱེ་འབྱེད་དང། མཐོང་ཆུང་ཁྱད་གསོད། བོད་མི་རིགས་དང་བོད་ཀྱི་སྐད་ཡིག རང་དབང་བཅས་ཀྱི་ཆེད་དུ་བསམ་བློ་གཏོང་མཁན་རྣམས་བཙོན་འཇུག་དང། བསམ་བློ་དེ་ལྟ་བུ་ཡོད་མཁན་དག་འབུར་འཇོམས་བྱེད་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད། རྒྱ་དམར་གཞུང་གིས་མི་ལོ་དྲུག་ཅུ་ཙམ་གྱི་རིང་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་དང། བོད་མི་རྒྱ་མི་རུ་སྒྱུར་ཐུབ་པའི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་ཡོད་ནའང། དེ་ལ་རྒྱ་གཞུང་གི་འཆར་གཞི་དང་རེ་བ་ཡོད་པ་བཞིན་གྲུབ་འབྲས་དང་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་མེད།

ད་ལྟའི་ཆར་རྒྱ་གཞུང་གིས་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་བོད་ལ་འགྱུར་ཟློག་ཆེན་པོ་སོང་ཡོད་པ་མ་ཟད། དེ་ཡང་རྒྱ་དམར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་ཕྱོགས་གང་ཐད་ནས་ཡར་རྒྱས་ཀྱི་འཕེལ་ཚད་མྱུར་ཞིང། མི་ཡུལ་གྱི་ཞིང་ཁམས་ཤིག་ཏུ་བསྒྱུར་ཟིན་ཞེས་ལོག་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་དཔོན་རིགས་ཁག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གང་དུ་བསྐྱོད་ཀྱང། རྒྱ་ནག་གཅིག་གི་ལྟ་ཚུལ་ལ་རྒྱབ་སྐྱོར་དགོས་པ་དང། ལངས་ཕྱོགས་དེ་འཛིན་དགོས་པ་རྒྱལ་ཁབ་ཁག་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་ཡིག་ཆའི་ནང་འཁོད་དུ་འཇུག་བཞིན་ཡོད། རྒྱ་ནག་གཅིག་ཅེས་པ་དེ་ནི་དེང་སྐབས་གཙོ་ཆེ་ཤོས་བོད་དང་ཐའེ་ཝན་སོགས་རྒྱ་ནག་གི་ཁོངས་གཏོགས་ཡིན་ཞེས་པ་དེ་རེད། ད་ལྟའི་ཆར་རྒྱ་ནག་རྒྱལ་ཁབ་དེ་དཔལ་འབྱོར་གྱི་ཐོག་ནས་སྔོན་དང་བསྡུར་ན་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང། མི་མང་གི་རང་དབང་དང་ཐོབ་ཐང་ཐོག་ནས་བཤད་ན་རྒྱ་ནག་ནི་འཛམ་གླིང་རྒྱལ་ཁབ་ཀུན་གྱི་རྗེས་སུ་ལུས་ཡོད་ཅེས་བརྗོད་ཀྱང་ཆོག

རྒྱ་ནག་མང་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དབང་དུ་བཏང་ན་མི་མང་གི་རེ་བ་དང་འབོད་ཚིག་དེ་གཙོ་ཆེ་ཤོས་སུ་འཛིན་དགོས་པ་དང། ཉེ་ཆར་དབྱིན་ཇི་རྒྱལ་ཁབ་ཀྱི་ཁོངས་གཏོགས་སི་ཀོ་ཌ་ལནྜི་རུ་དབྱིན་ཇི་རྒྱལ་ཁབ་ཀྱི་ཁོངས་གཏོགས་བྱས་ནས་སྔར་བཞིན་སྡོད་རྒྱུ་ཡིན་ནམ། ཡང་ན་རང་བཙན་བྱས་ནས་ཟུར་དུ་སྡོད་རྒྱུ་ཡིན་མིན་དེ། སི་ཀོ་ཌ་ལནྜིའི་མི་མང་གི་རེ་འདོད་བཞིན་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་གཏན་འཁེལ་བྱས་ཡོད་པ་དང། སི་ཀོ་ཌ་ལནྜིའི་མི་མང་གི་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་དབྱིན་ཇིའི་མངའ་ཁོངས་སུ་མུ་མཐུད་སྡོད་རྒྱུ་དེ་གཏན་འཁེལ་བྱུང་ཡོད་པ་རེད། དབྱིན་ཇིའི་རྒྱལ་ཁབ་ལ་མཚོན་ན་མང་གཙོ་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པས་སི་ཀོ་ཌ་ལནྜིའི་མི་མང་ལ་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱ་རྒྱུའི་གོ་སྐབས་དེ་སྤྲད་པ་རེད། རང་དབང་མང་གཙོ་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ན་དེ་ནི་མི་མང་གི་ཐོབ་ཐང་དང་གོ་སྐབས་གཉིས་ཀ་ཡིན།

བོད་མི་རིགས་ཀྱི་ངོས་ནས་ཀྱང་རང་དབང་རང་བཙན་གྱི་ཆེད་དུ་བོད་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང། ད་ལྟའི་ཆར་ཡང་བདེན་དོན་བློས་མ་བཏང་བར་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་མེ་ལྕེ་གྱེན་དུ་འབར་བཞིན་ཡོད། རྒྱ་གཞུང་གི་གནོན་ཤུགས་དང་དྲག་གནོན་བྱས་པ་དེ་དག་ནི་རྒྱུན་ལྡན་གྱི་ལས་ཀ་ཞིག་ཏུ་གྱུར་ཟིན་ནའང། བོད་མི་རིགས་ཀྱི་སེམས་ཤུགས་ཆག་མེད་པ་དང། ལ་རྒྱ་ཉམས་མེད། ཉེ་བའི་ལོ་ཤས་ནང་བོད་མི་རིགས་ཀྱི་རང་དབང་དང་བདེན་དོན་གྱི་ཆེད་དུ་བོད་ནང་ནས་བོད་མི་༡༣༡ ཙམ་གྱིས་རང་ལུས་མེ་མཆོད་དུ་ཕུལ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང། བོད་མི་གང་མང་ཞིག་གིས་བདེན་པའི་འབོད་སྒྲ་གང་མང་ཞིག་བསྒྲགས་པས་བཙོན་ཁང་དུ་བཅུག་པའང་ཧ་ཅང་མང་པོ་ཡིན། རྒྱ་གཞུང་གིས་རྒྱ་མི་རིགས་ཀྱི་ཁེ་ཕན་གཙོ་བོར་བཟུང་བའི་ཐོག་ནས་བོད་ཡུལ་དུ་འཛུགས་སྐྲུན་བྱས་པ་དག་གིས་ཀྱང་བོད་མི་ཕལ་ཆེ་བའི་སེམས་པ་འགུག་ཐུབ་མེད་པ་མ་ཟད། ད་དུང་འཁོན་འཛིན་དང་ངོ་རྒོལ་མང་དུ་འགྲོ་བཞིན་ཡོད།

མདོར་ན་རྒྱ་དམར་གཞུང་གིས་བོད་ནང་དུ་ཡར་རྒྱས་དང་འཛུགས་སྐྲུན་མང་པོ་བྱས་ཡོད་པ་དང། བོད་མི་མང་གི་སེམས་པ་རྒྱ་དམར་གཞུང་ལ་འཁོར་ནས་རང་དབང་དང་བདེ་སྐྱིད་ཀྱི་ཐོག་ནས་འཚོ་བ་སྐྱེལ་བཞིན་ཡོད་པའི་དྲིལ་བསྒྲགས་དེ་དོན་དངོས་ཡིན་པའི་གདེང་སྤོབས་དེ་རྒྱ་གཞུང་གི་དཔོན་རིགས་ཁག་ལ་ཡོད་ན། དབྱིན་ཇིའི་རྒྱལ་ཁབ་ཀྱིས་སི་ཀོ་ཌ་ལནྜིའི་མི་མང་ལ་མང་མོས་འོས་བསྡུའི་གོ་སྐབས་སྤྲད་པ་བཞིན། བོད་དང་ཤར་ཏུར་ཀི་སི་ཐན་སོགས་གྲངས་ཉུང་མི་རིགས་རྣམས་ལ་སྤྲོད་དགོས་ཀྱང། རྒྱ་གཞུང་ལ་དེ་ལྟ་བུའི་བློ་ཁོག་དང་སྤོབས་པ་གཉིས་ཀ་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཀྱང་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གྲོས་ཆོད་ཀྱི་དགོངས་དོན་བཞིན། བོད་མི་རིགས་ལ་རང་དབང་དང་རྒྱལ་སྤྱིའི་ལྟ་རྟོག་འོག་ནས་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱ་རྒྱུའི་གོ་སྐབས་སྤྲད་དེ། གཞིས་བཞུགས་བོད་མི་མང་ཆེ་བའི་ངོས་ནས་རང་མོས་ཀྱིས་རྒྱ་གཞུང་གི་འོག་ཏུ་སྡོད་རྒྱུའི་ཐག་གཅོད་བྱུང་སོང་ན། བཙན་བྱོལ་ནང་ནས་ཀྱང་དེའི་རྗེས་སུ་སྐད་ཆ་གཞན་པ་ཞིག་ཤོད་རྒྱུའི་ཐོབ་ཐང་གང་ཡང་མེད་ཀྱང། རྒྱ་གཞུང་ལ་ད་ལྟའི་ཆར་དེ་ལྟ་བུའི་སྤོབས་པ་དང་བློ་ཁོག་གཏན་ནས་མེད།།

Share this:
༡༤༢ ཀློག་གྲངས།