རྒྱ་ནག་གཞུང་ལ་མགོ་བསྒུར་ནས་བོད་པའི་སྤྱི་ཚོགས་ནང་རྙོག་གྲ་བཟོས་ན་ཐབས་སྐྱོ་པོ་འདུག

“ཆབ་སྲིད་བཙོན་ཟུར་ཚོར་ཐོག་མ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་བསམ་བློ་གང་ཡོད་པ་དེ་མཐའ་འཁྱོལ་དགོས་པ་ལས། བསམ་བློ་གནམ་གཤིས་འགྱུར་བ་བཞིན་འགྱུར་སོང་ན། གནས་སྟངས་སྐྱོ་པོ་རེད།”ཅེས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་༩།༢༧ དུས་དྲན་ཉིན་གསུངས་སོང་།

ཟླ་འདིའི་ཚེས་༢༧ ཉིན་ནི་༡༩༨༧ ལོའི་ཟླ་བ་༩ ཚེས་༢༧ ཉིན་བོད་ཀྱི་མི་རབས་གསར་པས་སྣེ་ཁྲིད་དེ། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། མི་ལོ་༢༧ འཁོར་བའི་ཉིན་མོ་ཡིན་པས། ཉིན་དེའི་ཞོགས་པ་བོད་ཀྱི་དགུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་དྷ་ས་ལྷ་རྒྱལ་རིར་དུས་དྲན་དེ་སྲུང་བརྩི་བྱས་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་ཡོད་པ་རེད།

_MG_0770ཐོག་མར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་དབང་གིས་ཉིན་དེའི་ཚོགས་པའི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། “མི་ལོ་ཉེར་བདུན་གོང་གི་དེ་རིང་གི་ཉིན་མོ་འདིར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་རི་རབས་གསར་པས་བོད་མིའི་རང་དབང་འཐབ་རྩོད་ཀྱི་མེ་ལྕེ་ཐངས་དང་པོར་སྦར་བ་རེད་ལ། ལས་འགུལ་དེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་ཆབ་སྲིད་ཀྱི་དོན་སྙིང་ཧ་ཅང་ཆེ་བའི་འཐབ་རྩོད་ཅིག་དང་། ང་ཚོའི་འཐབ་རྩོད་ནི་མི་རིགས་ཤིག་གི་ཕ་ཚ་བུ་བརྒྱུད་ཀྱིས་བརྗེད་དུ་མི་རུང་བའི་འཐབ་རྩོད་ཅིག་ཏུ་ངོས་འཛིན་གཏིང་ཟབ་ཐུབ་པའི་བདེན་དཔང་ཡིན་ལ། གདུག་རྩུབ་གང་ལ་ཡང་དཔའ་མི་ཞུམ་པའི་མི་རབས་ཤིག་གི་འགན་འཁྲི་གསལ་སྟོན་དང་རྒྱུན་མཐུད་བྱས་པའི་ཆེད་དཔེ་མཚོན་ཅན་གྱི་འཐབ་རྩོད་ཅིག་ཀྱང་རེད་”ཅེས་འཁོད་འདུག

གཏམ་བཤད་ནང་མུ་མཐུད་འཁོད་དོན། “དུས་དེ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་དང་། ཇ་ཁང་། ཆང་ཁང་། ཟ་ཁང་སོགས་མི་སྣ་འདུ་འཛོམས་བྱེད་ས་དང་། འབྲོག་པའི་ཕྱུག་རྫི་ལུག་རྫི་དང་སོ་ནམ་པའི་ཕོ་མོ་རྒན་གཞོན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཡན་ཆད་ནས་མི་རིགས་ཀྱི་ལས་དབང་ལ་བསམ་གཞིག་དང་གླེང་སློང་བྱེད་པའི་དུས་སྐབས་གསར་པ་ཞིག་ལ་སྣེ་ཁྲིད་བྱས་ཤིང་། གྲོང་ཁྱེར་གྱི་སྲང་ལམ་དང་། གཞུང་ལམ། ལས་ཁུངས་ཀྱི་སྒོ་འགྲམ། གློག་ཤིང་གི་ངོས། ཐ་ན་གཞི་རིམ་གྲོང་གསེབ་ཁུལ་གྱི་དགོན་སྡེ་ལྷ་ཁང་དང་། མཆོད་རྟེན་ལམ་སོགས་ཀྱི་གཡས་གཡོན་དུའང་མི་རིགས་ཤིག་གི་མངོན་འདོད་མཚོན་པའི་འབོད་ཚིག་མངོན་རྒྱུ་ཡོད་པར་གྱུར་ནས་མི་རིགས་ཀྱི་ལས་དབང་རྩོད་པའི་སྐས་རིམ་གསར་པ་ཞིག་ལ་མངོན་བསུས་ཡོད་”ཅེས་འཁོད་འདུག

“དོན་སྙིང་དེའི་ཐོག་ནས་བལྟས་ནའང་དགུ་པའི་ཉེར་བདུན་གྱི་ལས་འགུལ་དེ་ནི་བོད་མི་རིགས་གཉིད་ལས་སློང་བའི་ཆབ་སྲིད་ཀྱི་ཅོང་བརྡ་ཆེན་པོ་ཞིག་རེད་”ཅེས་སོགས་འཁོད་འདུག

_MG_0785སྐུ་མགྲོན་གཙོ་བོ་ཚོགས་གཙོ་སྤེན་པ་ཚེ་རིང་གིས། ༡༩༨༧ ལོའི་ལས་འགུལ་སྐོར་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་མདོར་བསྡུས་གནང་བ་དང་། ཆབ་སྲིད་བཙོན་ཟུར་ཚོས་ལས་དོན་བྱེད་ཕྱོགས་སྐོར་གསུང་དོན། “ཆབ་སྲིད་བཙོན་ཟུར་ཚོ་༧གོང་ས་མཆོག་གི་བཀའ་དྲིན་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ལས་རིམ་བསྒྲིགས་ཏེ། ཨོ་སི་ཁྲི་ལི་ཡར་གཏོང་གི་ཡོད་པ་དང་། འདིར་དགུ་བཅུ་གསུམ་སྟོང་པ་ཆགས་གྲབས་ཡོད་རེད། ཉེ་ཆར་ང་ཨོ་སི་ཁྲི་ལི་ཡར་ཕྱིན་པ་དང་། སྔོན་མ་ཆབ་སྲིད་བཙོན་པ་ཡིན་ཟེར་མཁན་དེ་འདྲ་དེང་སྐབས་ལབ་གླེང་གང་འཚམས་ཆགས་འདུག དེ་ཚོ་ཚད་མེད་པའི་བློ་ཕམ་པའི་རྒྱུ་རེད། སོ་སོའི་ལོ་རྒྱུས་ལ་བལྟས་ན། ཐོག་མ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས་བསམ་བློ་ག་འདྲ་ཁྱེར་རེད། བཙོན་དུ་ག་འདྲ་ཚུད་པ་རེད། བཙོན་ནས་ཐར་རྗེས་བཙན་བྱོལ་ནང་སླེབས་ཏེ་བསམ་བློ་ག་འདྲ་ཁྱེར་རེད། དེ་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་འོག ཨོ་སི་ཁྲི་ལི་ཡར་སླེབས་དུས། སྔོན་མའི་བསམ་བློ་ལས་ལྡོག་སྟེ། རྒྱ་ནག་གཞུང་ལ་མགོ་བསྒུར་ནས་བོད་པའི་སྤྱི་ཚོགས་ནང་རྙོག་གྲ་བཟོས་ན་ཐབས་སྐྱོ་པོ་འདུག དེ་བས་ཆབ་སྲིད་བཙོན་ཟུར་ཚོས་དེ་འདྲ་བྱས་ན། སེམས་ནང་ལ་མི་ཤོང་བའི་གནས་ཚུལ་རེད། ཐོག་མ་སོ་སོར་བསམ་བློ་གང་ཡོད་པ་དེ་མཐའ་འཁྱོལ་དགོས་པ་ལས། བསམ་བློ་གནམ་གཤིས་འགྱུར་བ་བཞིན་འགྱུར་སོང་ན། གནས་སྟངས་སྐྱོ་པོ་རེད། ཁག་ཅིག་ང་ཚོར་ཐུག་གི་སླེབས་སོང་། དཔལ་འབྱོར་ཚེ་རིང་དང་མཉམ་དུ་འབྲེལ་བ་མེད་སྐོར་འགྲེལ་བརྗོད་བྱས་སོང་”ཞེས་གསུངས་སོང་།

ཚོགས་གཙོས་མུ་མཐུད་གསུང་དོན། “དོལ་རྒྱལ་སྐོར་ཡིན་ནའང་རེད། མི་དེའི་རིགས་དེ་ཚོ་བསམ་བློ་བཏང་ནས་ཚུར་ཁ་འཁོར་ཡོང་ན་ཡག་པོ་རེད། སྐད་ཆ་ཡག་པོ་བཤད་ནས་དེ་འདྲ་མ་བྱུང་ན། སྣང་མེད་བཏང་ནས་འཇོག་དགོས་པ་རེད། ཨོ་སི་ཁྲི་ལི་ཡའི་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་ཀྲན་ཀ་ཟེར་མཁན་དེས་བོད་ནང་འགྲོ་དགོས་དུས། དཔལ་འབྱོར་ཚེ་རིང་བརྒྱུད་ནས་མ་ཡོང་ན་ཁྱེད་རང་ཚོས་ཐོངས་མཆན་རག་གི་མ་རེད་ཟེར་གྱི་འདུག་ཟེར། སོ་སོས་སྔོན་མ་རྒྱ་མིར་ངོ་རྒོལ་བྱེད་སྐབས། བསམ་བློ་ག་འདྲ་བཏང་རེད། ད་ལྟ་བོད་སྤྱི་པའི་གནས་སྟངས་དང་། སོ་སོ་ཕ་མར་ཐུག་རྒྱུ་གཉིས་ལས་ཕ་མར་ཐུག་རྒྱུ་གལ་ཆེ་བར་བརྩིས་ན། སྔོན་མ་ནས་ངོ་རྒོལ་མ་བྱས་པར་བོད་ནས་བསྡད་ན་འགྲིག་གི་རེད་”ཅེས་གསུངས་པ་དང་། ཁོང་གིས། དཔལ་འབྱོར་ཚེ་རིང་རྒྱ་ནག་གིས་བེད་སྤྱོད་གཏོང་ཐུབ་ཀྱི་འདུག་བསམ་ནས་གསོ་ཡི་ཡོད་པས། ང་ཚོའི་མི་གཅིག་སོང་། གཉིས་སོང་། གསུམ་སོང་ན། ཁོ་བེད་སྤྱོད་ཐུབ་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ལ་ཕན་ཐོགས་ཀྱི་རེད། ཁོ་ལ་ཁེ་ཕན་གང་ཡོད་པ་རག་གི་རེད། ང་ཚོའི་མི་གཅིག་ཀྱང་མ་སོང་ན། ཁོ་བེད་སྤྱོད་མེད་པས་རྒྱ་ནག་གཞུང་གིས་ཉིན་གཅིག་གཡུག་འཇོག་གི་ཡིན་སྐོར་གསུངས་སོང་།

དེ་བཞིན་དོལ་རྒྱལ་སྐོར་ཡིན་ནའང་། དེའི་སྐོར་གྱི་གནས་ཚུལ་དེ་ཚང་མས་ཁྱབ་བསྒྲགས་མང་པོ་བྱས་ན། ཁོང་ཚོར་ཁྱབ་བསྒྲགས་དགོས་པས་ཕན་ཐོགས་ཀྱི་ཡོད་པ་རེད། ཁོང་ལ་མཚོན་ན་དམངས་ཁྲོད་ཁ་བརྡ་ཟེར་བ་དེ་ཚོ་ལྟ་མྱོང་མེད་སྐོར་ཡང་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Share this:
༢༥༤ ཀློག་གྲངས།