རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་ཚོར་གཅར་རྡུང།

རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན། གཅན་ཚ་རྫོང་། མར་ཁུ་ཐང་གྲོང་བརྡལ་དུ་བོད་མི་གསུམ་ལ་གཅར་རྡུང་བཏང་སྟེ། གཅིག་གི་རྩིབ་རུས་དྲུག་བཅག་སྟེ། སྲོག་ལ་ཉེན་ཁ་འཕྲད་ཡོད་པའི་གནས་ཚུལ་འདུག

2030048china2དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༤ ལོའི་ཟླ་༩ ཚེས་༡༠ ཉིན་ནས་ཉིན་གྲངས་གསུམ་རིང་གི་མདོ་སྨད་གཅན་ཚ་རྫོང་། མར་ཁུ་ཐང་གྲོང་བརྡལ་དུ་ གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་། མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པའི་ཉིན་གཉིས་པ་སྟེ། ཕྱི་ཚེས་༡༡ ཉིན་གྱི་ཕྱི་དྲོ་ལས་རིམ་མཇུག་སྒྲིལ་རྗེས་ལྟད་མོ་བ་ཚོས་མདའ་རྩེད་ཐང་ཆེན་ནས་དགོང་དྲོའི་གསོལ་ཚིགས་སྐབས། གཅན་ཚ་རྫོང་གི་ཉེན་རྟོག་པ་ཁ་ཤས་ར་བཟི་ནས་གནས་དེར་ཡོང་སྟེ། བོད་མི་རྣམས་ལ་ཁོ་པ་ཚོར་ཨ་རག་སྤྲོད་དགོས་ཚུལ་བརྗོད་ཡོད་པ་མ་ཟད། གལ་ཏེ་དེ་ལྟར་མ་བྱས་ན་མདའ་སྟོན་དུས་ཆེན་གྱི་ལས་འགུལ་དེ་འདི་མ་ཐག་མཇུག་སྒྲིལ་བྱེད་དགོས་སྐོར་གྱི་ཉེན་བརྡ་བཏང་སྟབས གཅན་ཚ་རྫོང་གི་ཚོང་པ་དབང་ཕྱུག་གི་ཕུ་བོས་ཉེན་རྟོག་པར་དེ་ནི་བཅའ་ཁྲིམས་གང་གི་ནང་བཀོད་ཡོད་པ་དང་མི་མང་དཀྱུས་མ་ཚོས་སོ་སོའི་དངུལ་གྱིས་ཉོས་པའི་བཟའ་བཏུང་ལ་རོལ་ན། ཁྲིམས་འགལ་ཡིན་མིན་སོགས་དོགས་འདྲི་བྱེད་སྐབས། ཉེན་རྟོག་པས་དབང་ཕྱུག་གི་ཕུ་བོ་བཙན་ཤེད་ཀྱིས་ཉེན་རྟོག་རླངས་འཁོར་ནང་ཁྲིད་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་ཚོང་པ་དབང་ཕྱུག་དང་ཁོང་གི་གྲོགས་པོ་མདོ་སྨད་བ་ཡན་རྫོང་ནས་ཡོང་བའི་བསྟན་འཛིན་རིན་ཆེན་གཉིས་ཀྱིས་བར་འདུམ་བྱེད་སྐབས། ཉེན་རྟོག་པས་ཁོང་གསུམ་པོ་རླངས་འཁོར་ནང་བཅུག་ནས་གཅན་ཚ་རྫོང་ལྟ་སྲུང་ཁང་དུ་ཁྲིད་པའི་ལམ་བར་ནས། ཉེན་རྟོག་པ་ཉི་ཤུ་ལྷག་གིས་གཅར་རྡུང་དང་བརྙས་བཅོས་ཚད་མེད་བྱས་ཡོད་པ་མ་ཟད། ཉིན་དེའི་མཚན་མོར་ཉེན་རྟོག་པ་བརྒྱད་ཀྱིས་སྦི་རག་སྒམ་གཅིག་ཁྱེར་ཡོང་ནས་འཐུང་ཞོར་དུ། བོད་མི་དེ་གསུམ་པོ་གནམ་བཏགས་བརྒྱབ་ནས་སྦི་རག་འཐུང་ཚར་བའི་ཤེལ་དམ་ཁོང་ཚོའི་རྩིབ་རུས་དང་པུ་མོའི་ཐོག་གཞུས་པ་དང་། དེ་ནས་ཁོང་ཚོ་སར་གཡུག་ནས་ལུས་ཐོག་ཏུ་གཅིན་པ་བཏང་སྟེ། གཅར་རྡུང་དང་བརྙས་བཅོས་ཚད་ལ་བརྒལ་བ་བྱས་ཡོད་འདུག

ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོ་ལྟ་སྲུང་ཁང་གི་ཉེན་རྟོག་པས་བསྟན་འཛིན་རིན་ཆེན་འགུལ་རྒྱུ་མེད་པར་ཁ་ནས་ཝུ་བ་དཀར་པོ་བཞུར་བཞིན་ས་ལ་འགྱེལ་བ་མཐོང་རྗེས། རྨ་ལྷོ་ཁུལ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཕྱི་ཚེས་༡༣ ཉིན་ཟི་ལིང་གི་རྒྱ་གྲམ་དམར་པོའི་སྨན་ཁང་དུ་བསྐྱལ་ཡོད་འདུག

སྨན་ཁང་གི་རྟོག་ཞིབ་ཡི་གེའི་ནང་ཁོང་གི་རྩིབ་རུས་དྲུག་བཅག་པ་སོགས་བཀོད་ཡོད་པ་དང། ཟི་ལིང་གི་སྨན་ཁང་དེ་ནས་བདུན་ཕྲག་གཅིག་རིང་སྨན་བཅོས་བྱས་རྗེས་ཕྱི་ཚེས་༢༠ ཉིན་གློ་བུར་དུ་གཅན་ཚ་རྫོང་གི་ཉེན་རྟོག་པ་ཡོང་སྟེ། བསྟན་འཛིན་རིན་ཆེན་ཕྱིར་གཅན་ཚ་རྫོང་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག འོན་ཀྱང་ད་ལྟ་ཁོང་གིས་སྔར་བཞིན་བཟའ་བཏུང་བྱེད་མི་ཐུབ་པ་དང་སྐད་ཆ་ཡང་བཤད་མི་ཐུབ་པར་ཚེ་སྲོག་གི་ཉེན་ཁའི་གནས་སུ་ལྷུང་ཡོད་འདུག

ཕྱི་ཚེས་༢༡ ཉིན་ཉེན་རྟོག་པས་ནང་མིར་བརྡ་ཐོ་བཏང་སྟེ། ཁོང་ཕྱིར་ཡུལ་དུ་ཁྲིད་ནས་སྨན་བཅོས་བྱེད་དགོས་ཚུལ་བརྗོད་ཡོད། དེའི་སྔོན་ལ་ནང་མིས་སྐད་ཆ་འདྲི་སྐབས་གཅན་ཚ་རྫོང་ཉེན་རྟོག་པས་ཁོང་སྔར་ནས་གློད་གྲོལ་བཏང་ཚུལ་རྫུན་བཤད་ནས་སྨན་ཁང་དུ་ཡོད་པ་བརྗོད་མེད། ད་ལྟ་ནང་མིས་དེར་ངོས་ལེན་བྱེད་ཀྱི་མེད་པར་ཞིང་ཆེན་སྨན་ཁང་དུ་བསྐྱལ་ནས་མུ་མཐུད་དུ་སྨན་བཅོས་དང་། དེ་བཞིན་དོན་མེད་བོད་མི་དེ་ཚོར་གཅར་རྡུང་བྱེད་མཁན་ཉེན་རྟོག་པ་དེ་དག་ལ་ ཁྲིམས་ཆད་ནན་མོ་གཅོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག ཚོང་པ་དབང་ཕྱུག་སྤུན་མཆེད་གཉིས་ཕྱི་ཚེས་༢༢ ཉིན་གློད་གྲོལ་བཏང་བའི་གནས་ཚུལ་འདུག །

Share this:
༦༣ ཀློག་གྲངས།