ད་ལྟའི་ཧོང་ཀོང་དང་མ་འོངས་པའི་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་  ༥༡༠  ཕྱི་ལོ་ ༢༠༡༤/༡༠/༡
ད་ལྟའི་ཆར་ཧོང་ཀོང་ནང་མི་མང་གིས་རང་དབང་དང་མང་གཙོའི་ཆེད་དུ་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པ་དང། རྒྱ་ནག་གཞུང་གི་ངོས་ནས་ཀྱང་སྔ་ཕྱི་ཙམ་མ་གཏོགས་དྲག་གནོན་བྱེད་ཆོག་ཆོག་གི་སྲིད་བྱུས་ཤིག་བཟུང་ཡོད་པ་གཞུང་འཛིན་འབྲེལ་ཡོད་དཔོན་རིགས་རྣམས་ཀྱི་སྐད་ཆའི་ཟར་ཟུར་ནས་རྟོགས་ཐུབ་པ་ཞིག་རེད། ད་ལྟ་ཧོང་ཀོང་གི་གནས་སྟངས་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་རྒྱ་ནག་གི་རྩ་ཁྲིམས་ནང་དུ་གསར་འཇུག་བྱས་ཡོད་པ་དང། ཐོག་མ་ཧོང་ཀོང་ནང་མང་གཙོའི་ཐོབ་ཐང་ལག་བསྟར་མུ་མཐུད་བྱ་རྒྱུ་ཡིན་ཚུལ་གསལ་པོ་ཡིན་ནའང། ལོ་བཅུ་བདུན་ཙམ་འདས་ཟིན་པའི་ད་ལྟའི་དུས་འདིར་ཧོང་ཀོང་གི་དཔོན་རིགས་རྒྱ་གཞུང་གི་འདོད་མོས་ཡོད་པ་ཞིག་མ་གཏོགས་མི་མང་གིས་འོས་འདེམས་མི་ཆོག་པ་བཟོས་ཡོད་པ་དང། དེ་ལ་བརྟེན་ནས་ཧོང་ཀོང་མི་མང་གི་རང་དབང་དང་མང་གཙོའི་ཁེ་དབང་ལ་རིམ་བཞིན་མཇུག་བསྡོམས་རྒྱག་རྒྱུའི་དུས་ཚོད་ཅིག་སླེབས་ངེས་སུ་གྱུར་ཡོད་སྟབས། ཧོང་ཀོང་མི་མང་གི་ངོས་ནས་རང་སྲོག་འབེན་བཙུགས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་མི་བྱེད་ཀ་མེད་དུ་གྱུར་པ་རེད།

ཧོང་ཀོང་ནི་དུས་ཡུན་རིང་པོར་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་མྱོང་བའི་སྤྱི་ཚོགས་ཤིག་ཡིན་པ་དང། རྒྱ་གཞུང་གི་ངོས་ནས་རིམ་བཞིན་ཧོང་ཀོང་མི་མང་གི་མང་གཙོ་དང་རང་དབང་གི་གནས་བབས་ཡོད་པ་དེ་ཕྱིར་བསྡུ་བྱ་རྒྱུ་ལས། དུས་གཅིག་ལ་ཆ་ཚང་ཕྱིར་བསྡུ་བྱས་ན་གདོང་ལེན་བྱེད་དཀའ་ནའང། གོམ་པ་རིམ་སྤོས་ཀྱིས་ཧོང་ཀོང་མི་མང་གི་མང་གཙོ་དང་རང་དབང་ཆ་ཚང་མེད་པ་བཟོས་ནས་རྒྱ་གཞུང་གི་དམ་དྲག་འོག་འཇུག་རྒྱུའི་འཆར་གཞི་ཡོད་པ་རེད། ད་ལྟའི་ཆར་ཧོང་ཀོང་མི་མང་གི་གནས་སྟངས་དེ་ཅུང་ཉེན་ཁ་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་པ་དང། བོད་པའི་ངོས་ནས་གནད་དོན་འདིའི་ཐོག་ནས་བསླབ་བྱ་ལེན་དགོས་པ་དང་བསམ་བློ་གཏོང་དགོས་པ་ཡོད་མེད་དང། ཧོང་ཀོང་དང་བོད་ཀྱི་གནས་བབས་ཐད་ནས་འདྲ་ས་དང་མི་འདྲ་ས་ག་རེ་ཡོད་མེད་ང་ཚོས་གསལ་པོ་ཤེས་ན། བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་ཁྱད་པར་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཡོད།

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་མིང་དེ་ཐོག་མ་ཧོང་ཀོང་གི་ཐོག་ལ་བེད་སྤྱོད་བྱས་ཡོད་ནའང། ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བརྒྱུད་ནས་དོན་གྱིས་བོད་ཀྱི་གནད་དོན་ཐོག་ལ་ཐོག་མ་གཏན་འཁེལ་བྱས་པའི་སྲིད་བྱུས་ཤིག་རེད། བོད་ཀྱི་གནད་དོན་ཐོག་ལ་ཡིག་ཐོག་ཏུ་བྲིས་པ་ཙམ་ལས་དོན་དུ་ལག་བསྟར་བྱས་མེད་པ་དང། ཧོང་ཀོང་གི་གནད་དོན་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གི་རྩ་ཁྲིམས་སུ་གཏན་འབེབས་བྱས་ཡོད་ཀྱང། རིམ་བཞིན་གནས་སྟངས་སྡུག་ཏུ་བཏང་ནས་རྒྱ་དམར་གཞུང་གི་དཔོན་རིགས་ཁག་ཅིག་གིས་དབང་ཆ་གཅིག་སྡུད་བྱས་ཏེ་མི་མང་གི་རང་དབང་དང་ཐོབ་ཐང་བཙན་འཕྲོག་བྱ་རྒྱུ་ཡིན་པ་དེ་ཧ་ཅང་གསལ་པོ་ཆགས་པ་རེད། ད་ལྟའི་ཆར་བོད་ལ་ཆབ་སྲིད་ཀྱི་ཐད་ནས་རང་དབང་ཏིལ་འབྲུ་ཙམ་མེད་པ་དང། ༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་སྲིད་བྱུས་རྒྱ་གཞུང་གི་ད་བར་ཁས་ལེན་བྱེད་མྱོང་མེད་པ་མ་ཟད། མ་འོངས་པར་བྱེད་རྩིས་ཙམ་ཡང་མེད་ཅེས་སྔ་རྗེས་སུ་རྒྱ་གཞུང་གི་དཔོན་རིགས་རྣམས་ཀྱིས་གསལ་སྟོན་བྱས་ཡོད་པ་རེད།

གལ་སྲིད་རྒྱ་གཞུང་གིས་ནམ་ཞིག་དབུ་མའི་ལམ་མམ་བོད་རིགས་ཡོངས་སུ་རྫོགས་པར་མི་རིགས་ས་གནས་སྐྱོང་དགོས་པའི་དགོས་འདུན་དེ་ལ་ཡིག་ཐོག་ཙམ་དང། ངག་ཐོག་ཙམ་ནས་ཁས་ལེན་བྱེད་པའི་དབང་དུ་བཏང་ཡང། རིམ་པས་ཀོ་བ་རློན་པའི་ཞྭ་མོ་གྱོན་པ་བཞིན་དམ་ནས་དམ་དུ་འགྲོ་རྒྱུ་ལས་རང་དབང་གི་གནས་བབས་ཡག་པོ་ཞིག་མུ་མཐུད་དུ་གནས་མི་སྲིད་པ་ད་ལྟའི་ཧོང་ཀོང་གི་གནས་སྟངས་འདིའི་ཐོག་ནས་བལྟས་ཀྱང་ཧ་ཅང་གསལ་པོ་རེད། འོན་ཀྱང་བོད་པ་མང་པོ་ཞིག་གི་སེམས་ནང་དུ་བོད་རྒྱའི་རྩོད་རྙོག་དེ་མེད་པར་འགྱུར་རྒྱུ་ཙམ་ལས། གནད་དོན་བཟང་ངན་ཕྱོགས་གང་ནས་ཐག་གཅོད་ཐུབ་མིན་ལ་བསམ་བློ་དེ་ཙམ་གཏོང་གི་མེད་པ་དང། དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ་འདིའི་ཐོག་ནས་བོད་ལ་ཁེ་བཟང་ཡོད་པའི་ལྟ་ཚུལ་འཛིན་མཁན་ཡང་ཡོང་གི་ཡོད། ལྟ་ཚུལ་དེ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཤི་གསོན་གྱི་གནས་བབས་ཐོག་ནས་བཤད་ན་ཧ་ཅང་བློ་ཕམ་གྱི་རང་བཞིན་དུ་གྱུར་ཡོད།

མདོར་ན་རྒྱ་ནག་གིས་བོད་ལ་འགྲིག་འཇགས་ཡོང་རྒྱུའི་སྲིད་བྱུས་ཤིག་བཟུང་མེད་པ་དང། བོད་ཀྱི་གནད་དོན་ལ་བཟང་ཕྱོགས་ནས་འགྱུར་བ་གཏོང་རྒྱུའི་འཆར་གཞི་དང་སྤོབས་པ་གཉིས་ཀ་མེད། ཧོང་ཀོང་དང་བོད་པ་གཉིས་ཀའི་འདྲ་ས་ཆེ་ཤོས་ནི་དབང་བསྒྱུར་བྱེད་མཁན་གྱི་སྲིད་གཞུང་གཅིག་པ་ཡིན་པ་ལས། འཐབ་རྩོད་བྱེད་སྟངས་ཀྱི་གནས་བབས་ཐོག་ནས་བཤད་ན་ད་ལྟའི་ཆར་མི་འདྲ་ས་ཧ་ཅང་མང། བོད་ནང་དུ་བོད་དོན་འཐབ་རྩོད་ཐོག་རེ་བ་རྒྱག་ཡུལ་ག་ཚོད་ཅིག་ཡོད་མེད་རེ་བ་རྒྱག་རྒྱུ་ལས། བཙན་བྱོལ་ནང་བོད་པ་ཕལ་མོ་ཆེས་རང་མགོ་གང་ཐོན་བྱས་ནས་འགྲོ་རྒྱུ་ཙམ་ལས། རྩ་དོན་འཐབ་རྩོད་ཀྱི་ཕྱོགས་ནས་དམིགས་ཡུལ་མེད་པ། བོད་ཀྱི་བདག་དབང་སླར་གསོའི་ཐོག་རེ་བ་དང་ནུས་པ་ཅུང་ཙམ་ཡོད་པ་དེ་ཡང་ད་ལྟའི་ཆར་ཉམས་དམས་སུ་འགྱུར་བཞིན་ཡོད་པ་མ་ཟད། མ་འོངས་པར་རང་བཙན་སླར་གསོ་དགོས་པའི་མེ་རོ་ཙམ་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྩ་མེད་དུ་འགྱུར་སྲིད་པས། ད་ལྟའི་ཧོང་ཀོང་དང་མ་འོངས་པའི་བོད་གཉིས་བསྡུར་ཐབས་གཏན་ནས་མེད་པར་གྱུར་ཟིན།།

Share this:
༡༡༠ ཀློག་གྲངས།