ཁམས་དཀར་མཛེས་རྫོང་དུ་རྒྱ་ནག་ལ་བོད་མི་ཞིག་གི་ངོ་རྒོལ།

ཟླ་འདིའི་ཚེས་༤ ཉིན་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་གི་ཁྲོམ་དཀྱིལ་དུ། ཚོང་པ་པ་སངས་དབང་ཕྱུག་(མིང་གཞན་སྔོ་འབྲུ།)གིས་བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཆོས་དད་རང་མོས་དགོས། རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་ཚིག་བསྒྲགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཡོད་འདུག

basang wangchuk1གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ཟླ་༡༠ ཚེས་༤ བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༠།༥༠ ཙམ་ལ་པ་སངས་དབང་ཕྱུག་གིས་ངོ་རྒོལ་ཁྲོམ་སྐོར་སྐབས་ལག་ཏུ་རས་དར་ཆེན་པོ་ཁྱེར་ཡོད་པ་དེ་གཡས་གཡོན་གྱི་མི་ཚོགས་རྣམས་ལ་བལྟ་རུ་བཅུག་སྟེ་དུས་ཡུན་སྐར་མ་༡༠ ལྷག་ཙམ་ལ་ཁྲོམ་གཞུང་གི་མི་ཚོགས་ཁྲོད་དུ་ཡར་མར་སོང་སྟེ་སྐད་འབོད་བྱས་ཡོད་པ་དང་། རས་དར་ཆེན་པོའི་ཐོག་ཏུ། ༡༽ བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༢༽ བོད་ལ་རང་དབང་དགོས། ༣༽ ཆོས་ལུགས་དད་པ་རང་མོས་སྤྲོད་དགོས། ༤༽ རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་བཀོད་ཡོད་འདུག

ཁོང་དཀར་མཛེས་རྫོང་། འབུ་ཆུ་དབྱར་ཁབ་གྲོང་ཚོ་ནས་ཡིན་པའི་ཕ་ཆོས་དབང་རྒྱ་མཚོ་དང་། མ་རིན་དགའ་གཉིས་ཀྱི་བུ་ཡིན་པ་དང་། ༡༩༧༧ ལོར་སྐྱེས། ད་ལྟའི་སྡོད་གནས་དཀར་མཛེས་རྫོང་། སྡེ་མགོན་པོ་གཙུག་ལག་ཁང་གི་ཉེ་འཁྲིས་ཡིན་པ་དང་། ཁོང་གི་སྐྱེས་དམན་མིང་ལ་བསོད་ནམས་དང་ཕྲུ་གུ་བུ་མོ་གཉིས་དང་བུ་གཅིག་ཡོད་པ་དང་། ཕྲུ་གུ་ཆུང་བ་བུ་རང་ལོ་ལྔ་ཡིན་འདུག

ཁོང་གི་ཕ་མ་གཅིག་པའི་སྤུན་ཆེད་བཙུན་མ་སྤོས་དབང་ཡང་༢༠༠༨ ལོར་བོད་ཀྱི་ཞི་བའི་ངོ་རྒོལ་ནང་ཞུགས་པར་བརྟེན། རྒྱ་གཞུང་གིས་ལོ་གཉིས་དང་ཕྱེད་བཙོན་འཇུག་བྱས་ཏེ། ཉེས་རྡུང་ཚབས་ཆེན་བཏང་བས་གཟུགས་པོ་སྐྱོན་ཅན་བཟོས་ཡོད།

basang wangchukའབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། པ་སངས་དབང་ཕྱུག་གམ་སྔོ་འབྲུ་ནི་ཁམས་དཀར་མཛེས་ཕྱོགས་ནས་ཚུལ་ལྡན་གྱི་ཚོང་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ནམ་རྒྱུན་སྐྱོ་པོ་ཚོ་ལ་རོགས་རམ་ཡང་གང་ཐུབ་བྱེད་མཁན་ཞིག་ཡིན་པས། རྒྱུན་ལྡན་འཚོ་བའི་ཐོག་ལ་དཀའ་ངལ་གང་ཡང་མེད་ནའང་བོད་མི་རིགས་ལ་རང་དབང་མེད་པས་སྡུག་བསྔལ་ནི་སེམས་ཁོང་ན་མི་ཤོང་བའི་དཀའ་ངལ་གཞན་དང་གཅིག་མཚུངས་སུ་འཕྲད་བཞིན་པར་བརྟེན། རྒྱུན་དུ་མིགས་རིགས་ཀྱི་ཆེད་དུ་ཁ་སེམས་གཏིང་ནས་བདེན་དོན་སྨྲ་མཁན་ཞིག་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༤༠ ཀློག་གྲངས།