བཙན་བྱོལ་བོད་མིའི་མང་གཙོ་འཛུགས་སྐྱོང་དང་ནང་ཁུལ་ཆིག་སྒྲིལ།

ཏེང་ཡི་ཧྥུས་བརྩམས། ནགས་ཤོད་སད་མིས་བསྒྱུར།

2011 ལོ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་བསྒྱུར་བཅོས་ཀྱི་དོན་སྙིང་ལྡན་པའི་ལོ་སྟེ། རྒྱ་གར་དང་། བལ་ཡུལ། ཡོ་རོབ། ཨ་རི་སོགས་བཙན་བྱོལ་བོད་མི་ཁྲི་ཚོ་བཅུ་གྲངས་ཀྱིས་དུས་རིང་འགྲན་གླེང་དང་འོས་འདེམས་བརྒྱུད། བཙན་བྱོལ་བོད་མིའི་སྲིད་སྐྱོང་བདམས་ཐོན་བྱས་པ་རེད། འདི་ནི་བཙན་བྱོལ་བོད་མིའི་ཐེངས་གཉིས་པའི་མང་གཙོ་འོས་འདེམས་རེད། མི་ལོ་བཅུའི་གོང་དུ་འོས་ཤོག་ཐོག་མ་འཕེན་སྐབས་ཁོང་ཚོས་ནང་ཆོས་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པར་བདམས་ཐོན་བྱས་ཡོད། འདིས་མཚོན་པ་ནི་མ་གཞི་བཙན་བྱོལ་བོད་མི་ཚོ་ཕྱིའི་སྤྱི་ཚོགས་ན་གནས་མོད། ཁོང་ཚོས་ཆབ་སྲིད་འདུ་ཤེས་སྔར་སྲོལ་ལུགས་གཉིས་རྒྱུན་བསྐྱངས་ནས་སེར་མོ་བར་ཅི་བས་ཡིད་མོས་ཆེ། མི་ལོ་བཅུའི་རྗེས་འོས་འདེམས་བྱེད་དུས་ཁོང་ཚོས་ཧྭ་ཝར་སློབ་ཆེན་ཁྲིམས་སྦྱོང་འབུམ་རམས་པ་ཞིག་བདམས་པ་རེད། དེ་ནི་ནུབ་ཕྱོགས་ཆབ་སྲིད་པའི་རྣམ་འགྱུར་ཚང་བའི་དེང་རབས་མཁས་པ་ཞིག་རེད། དེ་དང་མཉམ་དུ། བོད་མི་རིགས་ཀྱི་བསམ་བློའི་དབུ་ཁྲིད་གོང་ས་ཏཱ་ལའི་བླ་མས་ཆབ་སྲིད་ནས་དགོངས་ཞུའི་ཁྱབ་བསྒྲགས་གནང་སྟེ། ཆབ་སྲིད་གོ་དབང་བཙན་བྱོལ་བོད་གཞུང་ལ་སྤྲད་པ་རེད། 2011ལོའི་དོན་ཆེན་འདི་གཉིས་ནིོ་ཚབ་མཚོན་རང་བཞིན་ལྡན་པའི་སྒོ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བ་འགྲོ་བཞིན་ཡོད་པ་མངོན།   འགྱུར་འགྲོས་འདིའི་ཞིབ་ཕྲའི་ནང་དོན་གཅིག་ནི་ཆབ་སྲིད་མང་གཙོ་ཅན་དང་། གཉིས་ནི་སྤྱི་ཚོགས་འཛམ་གླིང་སྤྱིའི་ལུགས་སུ་སོང་བ་རེད།

འདི་ནི་གོང་ས་ཏཱ་ལའི་བླ་མས་དུས་རབས་ཕྱེད་ཀའི་བཙན་བྱོལ་འཚོ་བའི་ཁྲོད་ནས་ཡུན་རིང་ལྟ་ཞིབ་དང་། འཚོལ་རྟོགབསམ་གཞིགས་བྱས་རྗེས།སྒམ་བརླིང་ངང་འཆར་འགོད་བྱས་པའི་རང་སྟོབས་རང་སྤེལ་གྱི་ལམ་བུ་ཞིག་ཡིན་པ་རེད།བོད་མི་དམངས་ཀྱིས་གུ་ཡངས་ལམ་བུ་བསྙེགས་པས་ད་གཟོད་བོད་མིའི་བླ་རུ་འཕགས་པའི་ཤེས་རིག་སྲུང་སྐྱོབ་དང་ཉར་ཚགས་ཐུབ་ཀྱི་རེད་ལ། དུས་ལ་མ་རན་པ་དང་ནུས་མེད་ཀྱི་ལམ་རྙིང་དག་བཅོས་སྒྱུར་བྱས་ཏེ་མིག་སྔའི་འཛམ་གླིང་གི་དེང་རབས་ཅན་རླབས་རྒྱུན་དང་ཟུང་དུ་སྦྲེལ་བ་ཡིན་ན།བོད་མི་རིགས་གཞི་ནས་རང་སྐྱེད་རང་སྟོབས་ལྡན་པའི་མི་རིགས་ཤིག་ཏུ་འགྱུར་ལ།མགོ་གནོན་རང་བཞིན་ལས་གྲོལ་སྟེ་རང་དབང་མངོན་དུ་འགྱུར་གྱི་རེད།

འོ་ནའང་། འགྱུར་འགྲོས་འདིས་བཙན་བྱོལ་བོད་མིར་དེ་སྔོན་ཅི་ཡང་འཕྲད་མྱོང་མེད་པའི་དཀའ་ཁག་ཅིག་བསླངས་ཡོད།དེ་ནི་མང་གཙོ་ལག་བསྟར་དང་སྦྲགས་ནས།བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་གཅིག་གྱུར་རང་བཞིན་རྒྱུན་འཁྱོངས་ཐུབ་དགོས་རྒྱུ་དེ་རེད།

ཆིག་སྒྲིལ་ནི་བོད་མི་རིགས་ཀྱི་སྟོབས་ཤུགས་འབྱུང་རྩ་རེད།

ཟོལ་མེད་ཆིག་སྒྲིལ་དང་རོགས་རེས་མཉམ་འཚོ་བྱས་རྐྱེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དུས་རབས་ཉེར་གཅིག་ནང་འབུར་དུ་དོད་པའི་སྐྱབས་བཅོལ་སྤྱི་ཚོགས་གྲས་ཤིག་ཆགས་པ་རེད། ཆབ་སྲིད་སྐྱབས་བཅོལ་བ་རྒྱལ་ཁག་གཞན་དུ་འཚོ་དགོས་དུས་དཀའ་ངལ་དང་གནོན་ཤུགས་སྣ་ཚོགས་གདོང་ལེན་བྱ་དགོས་ལ།ནང་ཁུལ་ཁ་འཐོར་ཆགས་ནས་ཕན་ཚུན་སྐྱོན་འཛུགས་བཟོ་རེས་བྱེད་པ།དེའི་སྟེང་དུ་ཕྱི་མིས་བེད་སྤྱད་ནས་རང་ཉིད་ཀྱི་ཆབ་སྲིད་ནུས་སྟོབས་འཐོར་འགྲོ་བ་དེ་ནི་ཆབ་སྲིད་སྐྱབས་བཅོལ་བའི་སྤྱི་ཚོགས་ཕལ་མོ་ཆེར་རྒྱུན་དུ་འཕྲད་པའི་གནད་དོན་རེད་ལ། འདི་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ནུས་པ་འགོག་ཐབས་མེད་པར་ག་ལེ་ག་ལེར་བརླག་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད།

ཡིན་ནའང་། བཙན་བྱོལ་བོད་སྤྱི་ཚོགས་ཆགས་ནས་དུས་རབས་ཕྱེད་ཙམ་འདས་པའི་ལོ་ཟླའི་ནང་དུ། འཛམ་གླིང་ཁྱོན་ཡོངས་ཀྱིས་ངོ་སོ་བསྟོད་དགོས་པའི་ཟོལ་མེད་ཆིག་སྒྲིལ་ཞིག་ཡོད་པ་རེད། འདིས་རྐྱེན་པས་བཙན་བྱོལ་བོད་མིའི་སྟོབས་ཤུགས་རྒྱལ་སྤྱིའི་ཆབ་སྲིད་སྡིངས་ཆའི་སྒང་ནས་བོར་བརླགས་སོང་མེད་ལ་ལྷག་ཏུ་ཆེས་ཆེར་འཕེལ་བའི་རྐྱེན་རྩ་རུ་གྱུར་ཡོད། འདི་ནི་ཏན་ཏན་མའོ་ཙེ་ཏུང་སོགས་རྒྱ་ནག་གུང་ཁྲན་འགོ་ཁྲིད་ཚོས་དཔགས་མ་ཐུབ་པའི་གནས་ཚུལ་ཞིག་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཙམ་ཆིག་སྒྲིལ་ཐུབ་པའི་རྩ་བ་དང་རྒྱུ་རྐྱེན་སྟབས་བདེ་ཞིག་འཚོལ་ཐུབ་པ་ནི་ཁོང་ཚོར་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་ཡོད་པས་རེད། ཏཱ་ལའི་བླ་མ་དེ་སྔོན་བོད་མིའི་སྲོལ་རྒྱུན་སྤྱི་ཚོགས་སུ་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་དབུ་འཛིན་ཡིན་དུས། ཁོང་ཉིད་བོད་མིའི་བསམ་པའི་དབུ་ཁྲིད་ཡིན་པ་མ་ཟད་། བོད་ཀྱི་ཆབ་སྲིད་ཐད་ཆེས་མཐོའི་དབང་འཛིན་པའང་ཡིན་པ་རེད། དེས་ན་བོད་མི་དབང་ཆ་མཐོ་དམའ་མེད་པར་ཁོང་ལ་དད་གུས་དང་། རྗེས་སུ་འཇུག་པ། བཀའ་ལ་བརྩི་བ་བཅས་རེད། ཅི་སྟེ་དཀའ་ཚེགས་ཆེ་བའི་བཙན་བྱོལ་སྤྱི་ཚོགས་ནའང་བཀའ་བརྩི་གོང་བཀུར་བྱེད་ཀྱི་ཡོད།

མ་གཞི་བོད་མི་སྤྱི་ཡོངས་ཀྱིས་ཏཱ་ལའི་བླ་མར་བརྩི་བཀུར་བྱས་པ་དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆབ་སྲིད་ནུས་ཤུགས་རྒྱུན་འཁྱོངས་ཐུབ་པའི་རྐྱེན་རྩ་དེ་ཡིན་མོད། གོང་ས་ཏཱ་ལའི་བླ་མས་སྔ་མོ་ཞིག་ནས་གནས་སྟངས་འདིས་བོད་མི་དེང་རབས་ཅན་དུ་བསྐྱོད་རྒྱུར་དྲི་རྟགས་འགོད་བཞིན་ཡོད་པ་དང་། ཐ་ན་འགལ་རྐྱེན་ཞིག་ཏུ་གྲུབ་པར་ཚོར་རྟོགས་ཐུབ་ཡོད། ཏཱ་ལའི་བླ་མས་བཙན་བྱོལ་འགོ་སྟོད་ནས་མང་གཙོའི་བཙན་བྱོལ་སྲིད་གཞུང་དང་མང་གཙོ་ཅན་གྱི་བཙན་བྱོལ་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུར་བསམ་ཞིབ་དང་ཇུས་འགོད་བྱས་ཡོད་པ་རེད།རིམ་པས་ཏཱ་ལའི་བླ་མས་ལྟེ་བར་བཟུང་བའི་སྲོལ་རྒྱུན་ཆབ་སྲིད་སྒྲོམ་གཞི་དེ་ཆོས་སྲིད་ཐ་དད་ཀྱི་འཇིག་རྟེན་སྤྱིའི་ལུགས་ཀྱི་ཆབ་སྲིད་གྲུབ་ཆ་ཞིག་ཏུ་བསྒྱུར་བཅོས་བྱས། 2011 ལོ་ཏག་ཏག་བཙན་བྱོལ་དུས་རབས་ཕྱེད་སོང་རྗེས།རྒྱལ་ཁའི་ངང་ཐེངས་གཉིས་པའི་མང་གཙོའི་འོས་འདེམས་བྱས་པ་རེད།བཙན་བྱོལ་བོད་མིར་ཆབ་སྲིད་མང་གཙོ་ཅན་ལག་བསྟར་བྱེད་རྒྱུའི་སེམས་ཤུགས་ཡོད་པས་ཏཱ་ལའི་བླ་མས་དངོས་སུ་ཆབ་སྲིད་དབང་ཆ་རྩིས་སྤྲད་པ་རེད། མི་དམངས་ཀྱིས་རང་སོ་སོའི་སྐུ་ཚབ་དང་དབུ་ཁྲིད་བདམས་ཏེ་འཛིན་སྐྱོང་དང་ཆབ་སྲིད་ལས་དོན་ཐག་གཅོད་བྱེད་པ།དེའང་ཁོང་གི་ཐེ་བྱུས་མེད་པར་མི་དམངས་རང་སོ་སོས་ལག་ལེན་ངོ་མའི་སྒང་ལ་མང་གཙོའི་ནུས་སྟོབས་སྦྱོང་བརྡར་བྱེད་དུ་བཅུག་པ་རེད། གནད་འདིར་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་གྱི་བསམ་བློའི་འགལ་འདུ་ཅི་ལྟར་ཐག་གཅོད་བྱེད་མིན་ཡང་ཚུད་ཡོད།ཏཱ་ལའི་བླ་མ་རང་ཉིད་ནས་ཆབ་སྲིད་དབུ་ཁྲིད་གོ་དབང་སྤྱད་དེ་ཆབ་སྲིད་གནད་དོན་ཐབས་ཇུས་འདོན་སྤེལ་མི་བྱེད་པ།རྒྱུན་སྲོལ་ལྟར་དུ་ཆབ་སྲིད་གྲོས་གཞིར་འགྲེལ་བརྗོད་བྱེད་ཀྱི་མེད་པ་དེའི་ཚེ།མང་གཙོ་ཅན་དུ་ལག་ལེན་བསྟར་བཞིན་པའི་བཙན་བྱོལ་སྤྱི་ཚོགས་བོད་མི་ཀུན་ལ་བསམ་བློའི་སྨྲ་བརྗོད་རང་དབང་ཡོད་པ་རེད།དེའང་བཤད་ན།བཙན་བྱོལ་བོད་མིའི་བསམ་བློའི་འགལ་འདུ་དང་སྨྲ་བརྗོད་ལ་བཏང་འཛིན་བྱེད་ཀྱི་མེད་དུས།འགལ་བའི་གནད་དོན་མངོན་སུམ་ལྷང་ལ་འབུད་ཡོང་སྐབས། ཅི་ལྟར་གདོང་ལེན་བྱེད་མིན་བཙན་བྱོལ་བོད་མི་དང་ལྷག་ཏུ་བཙན་བྱོལ་བོད་གཞུང་གི་ཚོད་བགམ་ཞིག་རེད།

མང་གཙོ་དགོས་ལ། ཆིག་སྒྲིལ་ཡང་དགོས།

དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་ཏཱ་ལའི་བླ་མས་བོད་རྒྱ ( མི་རིགས་ཞི་མཐུན ) མཉམ་གནས་ལམ་བུ་འཚོལ་སྙེག་བྱེད་རྒྱུའི་མནོ་བསམ་བཞེས། ལོ་རབས་བརྒྱད་ཅུའི་མཇུག་ཏུ་ཁོང་གི་དབུ་མའི་ལམ་བྱེད་ཕྱོགས་དངོས་སུ་ཁྲོམ་བསྒྲགས་བྱས། དེ་ཙམ་དུ་མ་ཟད། བོད་མི་དམངས་ཀྱི་སྐུ་ཚབ་བྱས་ཏེ་བོད་རང་བཙན་བློས་བཏང་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྒྲོམ་གཞིའི་ནང་ཆེས་མཐོའི་རང་སྐྱོང་རྩོད་ལེན་བྱེད་ཀྱི་ཡོད། དབུ་མའི་ལམ་གྱི་བྱེད་ཕྱོགས་འདིར་མི་ལོ་སུམ་ཅུ་བརྒྱུད་ཚར། ཡིན་ནའང་། བཙན་བྱོལ་བོད་མིའི་ནང་བོད་ཀྱི་གཞོན་སྐྱེས་དང་རང་བཙན་མཐུན་ཚོགས་མཚོན་པའི་བོད་མི་ལོ་གཞོན་ཚོས། བོད་རང་བཙན་གྱི་ཕུགས་འདུན་དང་རེ་འབོད་མཚམས་འཇོག་བྱས་མེད། ཏཱ་ལའི་བླ་མ་ཆབ་སྲིད་དབུ་ཁྲིད་དང་བོད་མིའི་སྐུ་ཚབ་གནང་སྐབས་ཆབ་སྲིད་ལངས་ཕྱོགས་གསུང་ཡོང་དུས། བཙན་བྱོལ་བོད་མི་ཚོ་རང་བཞིན་གྱིས་གཞོགས་གཅིག་ལ་ཕྱོགས་ཏེ་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད། བཙན་བྱོལ་བོད་གཞུང་ཏཱ་ལའི་བླ་མས་སྣེ་ཁྲིད་པའི་བོད་མིའི་གཞུང་འབྲེལ་ཆབ་སྲིད་རྩ་འཛུགས་ཤིག་ཡིན་སྟབས། རྩ་བའི་ཆ་ནས་བོད་མིའི་ཁྲོད་ཆབ་སྲིད་ལྟ་བ་མ་མཐུན་པའི་དཀའ་ངལ་བྱུང་མེད། ཏཱ་ལའི་བླ་མ་ཆབ་སྲིད་ལས་འཁྱུར་གནང་རྗེས་གནས་སྟངས་ཏོག་ཙམ་མི་འདྲ་བ་ཆགས་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་མང་གཙོའི་ངོ་བོ་ལག་ལེན་བསྟར་བཞིན་པའི་ཚོགས་སྡེ་ཞིག་རེད་ལ། ཆ་འཕྲིན་དུས་རབས་ནས་རང་དབང་རྒྱལ་ཁབ་ཏུ་འཚོ་བཞིན་ཡོད་དུས། མི་ཚང་མར་བསམ་བློ་དང་སྨྲ་བརྗོད་རང་དབང་ཡོད་ལ། རང་སོ་སོའི་ཆབ་སྲིད་རེ་འདུན་འགྲེལ་བརྗོད་བྱེད་ཆོག་པའི་ཐོབ་ཐང་ཡང་ཡོད། དེས་མ་ཚད་བཙན་བྱོལ་བོད་གཞུང་དང་ཏཱ་ལའི་བླ་མ་ལ་ཡང་དོགས་འདྲི་དང་འགྲན་རྒོལ་བྱེད་ཆོག མི་དམངས་ཀྱིས་མང་གཙོའི་ཁྲོད་ནས་མང་གཙོ་སློབ་སྦྱོང་བྱ་རྒྱུར་བཙན་བྱོལ་བོད་གཞུང་གིས་གནང་བ་སྤྲད་པ་མ་ཟད། ད་དུང་མང་ཚོགས་ཀྱི་རང་དབང་བསམ་བློ་དང་ལྟ་ཚུལ་འདོན་རྒྱུ་ལ་སྐུལ་ལྕགས་བྱེད་པ་རེད།

ཕྱོགས་གཅིག་ནས། རྒྱ་ནག་གཞུང་གིས་མཁྲེགས་འཛིན་སྒོ་ནས་ཏཱ་ལའི་བླ་མ་དང་ལྷག་བསམ་ལྡན་པའི་ངང་གྲོས་མོལ་བྱེད་རྒྱུ་ཁས་ལེན་བྱེད་ཀྱི་མེད་ལ། ད་དུང་མ་རབས་ཐ་ཤལ་སྒོ་ནས་ཏཱ་ལའི་བླ་མར་དམའ་འབེབས་དང་མཚང་འབྱིན་བྱས་ནས་ཁོང་གི་དབུ་མའི་ལམ་ནི་རང་བཙན་རྩོད་བྱེད་དང་། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་ཟེར་རྐྱང་བྱེད། རྒྱ་ནག་གཞུང་གི་གཏམ་སྤྱོད་འདིས་རྟག་ཏུ་བཙན་བྱོལ་བོད་མི་ཁོང་ཁྲོ་སློང་གི་ཡོད་པ་མ་ཟད། བོད་ཁུལ་གྱི་ཛ་དྲག་གནས་སྟངས་སྔར་བས་ཛ་དྲག་ཏུ་བཏང་ནས་རྙོག་དྲའི་མགོ་སློང་གི་རེད། དེ་ནས ( ཁ་བྲལ་ལ་ངོ་རྒོལ ) ཟེར་རྒྱུའི་མིང་བྱང་སྤྱད་ནས་བོད་ཁུལ་ལ་དྲག་གནོན་བྱེད་ཀྱི་ཡོད། དེའི་རྐྱེན་གྱིས། བཙན་བྱོལ་ནང་གི་རང་བཙན་ཤོག་ཁག་པའི་བསམ་པར་ཏཱ་ལའི་བླ་མའི་དབུ་མའི་ལམ་ནི་ཕྱོགས་རྐྱང་པའི་སེམས་བཟང་ཙམ་ཡིན་དུས་དོན་དངོས་ལ་ཕན་ཐོགས་མེད། ནུས་པ་ཐོན་གི་མ་རེད། དེ་འདྲ་ཡིན་དུས་རང་བཙན་བརྩད་བཏང་ན་བསམ་པ་རེད་ལ། བོད་མི་རིགས་ལ་ཡང་དག་པའི་འགྲོ་ལམ་ཉག་གཅིག་ཡོད་པ་དེ་ནི་རང་བཙན་རྒྱལ་ཁབ་འཛུགས་དགོས་རྒྱུ་དེ་རེད་བསམས་ཡོད།

ཉེ་བའི་ལོ་འགའི་ནང་། བཙན་བྱོལ་བོད་མིའི་ལོ་གཞོན་ཁྲོད་རང་བཙན་ཤོག་ཁག་གི་ཤུགས་རྐྱེན་དམིགས་བསལ་ཆེ་རུ་འགྲོ་བཞིན་ཡོད་ལ།ཏཱ་ལའི་བླ་མ་ཆབ་སྲིད་དགོངས་ཞུ་གནང་རྗེས་རང་བཙན་ཤོག་ཁག་གིས་དབུ་མའི་ལམ་རྒྱུན་འཁྱོངས་བྱེད་པའི་བཙན་བྱོལ་བོད་གཞུང་ལ་རིམ་བཞིན་ཡོངས་གྲགས་ངང་དོགས་འདྲི་དང་སྐྱོན་འདོགས་བྱེད་ཀྱི་ཡོད་མ་ཟད།བཙན་བྱོལ་བོད་མིའི་ཁྲོད་དུ་མི་དམངས་བསམ་ཚུལ་འཕྲོག་རེས་བྱེད་པའི་རྣམ་པ་ཞིག་མངོན་ཡོད།

རྒྱ་ནག་གཞུང་གི་དབྱེན་དཀྲུག་ཐབས་ཇུས་དོགས་ཟོན་བྱ་དགོས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་བཙན་ཤོག་ཁག་དང་བཙན་བྱོལ་གཞུང་དབར་རྩོད་གླེང་གནད་དོན་བྱུང་ཚེ། ཕྱི་ལོགས་ནས་ལམ་སེང་བཙན་བྱོལ་བོད་གཞུང་ཁ་འཐོར་སོང་ཞེས་གཏམ་འཁྱར་གཡུག་གི་རེད།ཁ་འཐོར་ནི་ཆབ་སྲིད་ནུས་སྟོབས་ཉམས་ཞན་དང་སླ་རུ་ཕྱིན་པའི་རྟགས་མཚན་བརྩི་ལ།ཐོར་ཞིག་འགོ་རྩོམ་པའི་སྔ་ལྟས་རེད།རྒྱ་ནག་གཞུང་གིས་དུས་རབས་གོང་མའི་ལོ་རབས་དགུ་བཅུ་ནས་བཟུང་བཙན་བྱོལ་བོད་མི་ཚོ་ཁ་བྲལ་དང་ཐོར་ཞིག་ཏུ་འགྲོ་བར་མཐོང་འདོད་ཆེ།འདིའི་ཆེད་དུ་ཐབས་རྩལ་དྲ་མ་བཏོན་པ་རེད། ཁ་གཏད་ལ་དབྱེན་སྦྱོར་བྱ་ཆེད་ཕྱོགས་གཅིག་ལ་ཤ་ཚ་ཁུལ་དང་གཞན་ཞིག་ལ་རྡུང་རྡེག་བྱེད་མདོག་བསྟན་ནས་ཁ་གཏད་ཤོག་ཁག་གི་དྲག་སྤྱོད་པ་ཡིན་མདོགཕྱོགས་འགལ་ནང་ཁུལ་དུ་སྒྱོགས་རྡོ་འཕེན་པ།སྐད་ཆ་ཆུང་ཙག་འགས་རྩོད་གཞི་བསླངས་རྗེས་ལམ་སེང་སྒེར་སོ་སོའི་ཀུན་སྤྱོད་དང་མི་གཞིར་སུན་འབྱིན་བྱས་ནས་ཕ་རོལ་པོ་དབང་མེད་སྤྲོ་ལངས་སུ་བཅུག་སྟེ་ནང་ཕན་ཚུན་གསོད་རེས་བྱར་འཇུག་པ་བཅས་ནི་རྒྱ་གུང་ཁྲན་ལག་པར་བྱང་བའི་ཐབས་ཇུས་རེད།འདིའི་དམིགས་ཡུལ་གཅིག་ཁོ་ན་སྟེ།བོད་མི་ནང་ཁུལ་ཁ་འཐོར་ཡ་འཐོར་དུ་གཏོང་རྒྱུ་དང་།བོད་པའི་ཆབ་སྲིད་ནུས་མེད་ཉམས་ཞན་བཟོ་རྒྱུ་དེ་རེད།

འདི་ནི་རྒྱ་ནག་གི་སྲོལ་རྒྱུན་ཆབ་སྲིད་རིག་གནས་ཁྲོད་དུ་ཆུ་ཕུག་ཟབ་ལ་འབབ་རྒྱུན་རིང་ཞིང་རྩ་ཟབ་སྡོང་བརྟན་རེད། བོད་མིའི་ཆབ་སྲིད་རིག་གནས་ལྟོས་འཇོག་སྒོ་ནས་སྟབས་བདེའི་ཚོགས་པ་ཞིག་རེད།བཙན་བྱོལ་བོད་མིའི་སྲིད་གཞུང་མང་གཙོ་ལས་འགུལ་གྱི་སྲིད་གཞུང་ཡིན་དུས།འདི་འདྲ་དག་ལ་ཁ་གཏད་གཅོག་སྐབས་དགོས་ངེས་ཐབས་ཇུས་འགའི་ཐད་ལ་ཞན་ཆ་ཤོར་འགྲོ་གི་རེད།རྒྱ་ནག་སྲིད་གཞུང་ནི་དབང་ཤུགས་གཅིག་སྡུད་སྲིད་གཞུང་ཡིན་པ་མ་ཟད།བཙན་བྱོལ་བོད་མིའི་སྤྱི་ཚོགས་ཞིབ་འཇུག་དང་འགོག་རྒོལ་ཆེད་མི་རྒྱུ་ཕོན་ཆེན་གཏོང་རྒྱུ་ཡོད་པ་རེད།བཙན་བྱོལ་བོད་གཞུང་མང་གཙོའི་སྲིད་གཞུང་ཡིན་དུས་ངེས་པར་ཚད་གཞི་ངེས་ཅན་གྱི་གུ་ཡངས་ཅན་དང་ཕྱི་གསལ་ནང་གསལ་ཐད་ལ་བརྩི་བཀུར་བྱ་དགོས།མང་གཙོས་སྒེར་གཅོད་ལ་གདོང་གཏོད་དུས།ནག་ཁུང་ནས་ཉིན་མོར་གདོང་ལེན་བྱེད་དཀའ་བ་ལྟར་རེད།

དེ་ལྟར། དོན་དངོས་ཐོག་བཙན་བྱོལ་བོད་མིའི་སྲིད་གཞུང་དུ་འགྲོ་ལྡོག་གཉིས་ཁག་ཅིག་ཡོད་པ་སྟེ། མང་གཙོའི་འཚོ་བ་ལག་ལེན་འདེབས་དགོས་ལ། རང་མི་རིགས་ཆིག་སྒྲིལ་སྲུང་སྐྱོབ་ཀྱང་བྱ་དགོས། འདི་གཉིས་དོན་དག་ངོ་མའི་སྒང་ཕན་ཚུན་བཀག་སྡོམ་རང་བཞིན་དུ་གནས་ལ། ཐ་ན་དུས་དུས་སུ་འགལ་བའི་རྣམ་པ་ལྡན་ཡོད། བོད་མི་རིགས་ཀྱི་མ་འོངས་མདུན་ལམ་མང་གཙོའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པར་བརྟེན། མང་གཙོ་སྐྱོང་མཁན་མི་རབས་ཕྱི་མ་ཕྱི་མ་གསོ་སྦྱོང་བྱ་དགོས། རེད་དེ། ད་སྐབས་བོད་མིའི་ཆབ་སྲིད་ནུས་པ་ནི་ལྷད་མེད་ཆིག་སྒྲིལ་ལ་བརྟེན་དགོས་པ་མ་ཟད། ཆབ་སྲིད་ངོས་ཐད་ཀྱི་ཆིག་སྒྲིལ་རང་བཞིན་ལ་ཁེན་དགོས། ག་འདྲ་བྱས་ནས་ཕྱོགས་གཉིས་ཁྱབ་མཉམ་ཐུབ་མིན་དེ་ནི། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མི་ཡོངས་རྫོགས་ཀྱི་རྣམ་དཔྱོད་ལ་རག་ལས་སོ།

2014-09-28

མ་རྩོམ།

http://xizang-zhiye.org/%E6%B5%81%E4%BA%A1%E8%97%8F%E4%BA%BA%E7%9A%84%E6%B0%91%E4%B8%BB%E5%BB%BA%E8%A8%AD%E5%92%8C%E5%85%A7%E9%83%A8%E5%9C%98%E7%B5%90/

 

Share this:
༡༥༩ ཀློག་གྲངས།