རི་བོ་རྩེ་ལྔར་ཕེབས་འཆར་གྱི་ཁེ་ཉེན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༡༡ ཕྱི་ལོ་ ༢༠༡༤/༡༠/༨  

ཉེ་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་གིས་བཤད་པའི་སྐད་ཆ་ལུང་འདྲེན་དང་སྦྲགས་༧གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔ་རུ་ཆིབས་བསྒྱུར་གནང་སྲིད་སྐོར་འཁོད་པའི་གསར་འགྱུུར་སྤེལ་ཡོད་པ་དང། བོད་ཕྱི་ནང་གཉིས་ནས་དེ་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད། དོན་དངོས་ཐོག་མ་འོངས་པར་༧གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔ་རུ་ཆིབས་བསྒྱུར་བསྐྱང་ཐུབ་མིན་དང། གལ་སྲིད་ཕེབས་ཐུབ་ན་བོད་རྒྱའི་རྩོད་རྙོག་གི་གནད་དོན་ཐག་གཅོད་ཡོང་བར་བཟང་ངན་གང་གི་ཕྱོགས་ནས་ཤུགས་རྐྱེན་ཐེབས་སྲིད་མིན་སོགས་ཀྱི་ཐོག་ལ་བསམ་ཞིབ་ངེས་པར་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་གཞིས་བྱེས་གཉིས་ནས་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་ཚབ་མཚོན་གྱི་མི་སྣ་གཅིག་པུ་དེ་ཡིན་པ་དང། གཞིས་བྱེས་བོད་རིགས་ཡོངས་སུ་རྫོགས་པའི་ངོས་ནས་གཅིག་གྱུར་གྱིས་གུས་བཀུར་ཚད་མེད་ཞུ་བཞིན་པའི་རླབས་ཆེན་ཕུལ་བྱུང་གི་དབུ་ཁྲིད་ཆེན་པོ་ཞིག་ཀྱང་ཡིན།

༧གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས་ཐུབ་པའི་དབང་དུ་བཏང་ན་དེ་ནི་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཀྱི་རྣམ་པའི་ཐོག་ནས་ཕེབས་པ་ལས། ༧གོང་ས་མཆོག་སྐུ་སྒེར་ཤཱཀྱའི་དགེ་སྦྱོང་ཆེན་པོ་ཞིག་ཡིན་པ་གཅིག་པུའི་ངོས་ནས་མ་རེད། གནད་དོན་འདིའི་ཐོག་ནས་བོད་དང་རྒྱ་ནག་གཉིས་དབར་གྱི་རྩོད་རྙོག་ཐོག་ལའང་རྒྱལ་སྤྱིའི་ཐོག་ནས་གླེང་ཕྱོགས་གསར་པ་ཞིག་དང་ལྟ་ཕྱོགས་གསར་པ་ཞིག་ངེས་པར་དུ་སླེབས་ཡོང་བ་དང། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྣམ་འགྱུར་ཡང་གཞན་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད། དེ་བཞིན་བཙན་བྱོལ་ནང་དུ་གནད་དོན་དེ་ལ་བརྟེན་ནས་འགྱུར་ལྡོག་གསར་པ་ཞིག་ཡོང་རྒྱུ་གང་ཡང་མེད་ཀྱང། བོད་ནང་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཞིག་ཐེབས་ངེས་ཡིན་པ་དེ་ཡང་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། དེར་བརྟེན་གནད་དོན་དེ་དག་གི་ཐོག་ལ་སྔོན་ཚུད་ནས་གྲ་སྒྲིག་གཏིང་ཟབ་ཅིག་མེད་ན། ཕྱི་ལོ་༢༠༠༨ ལོའི་ཨོ་ལིམ་པིག་རྩེད་འགྲན་གྱི་སྔོན་དུ་ཚ་ཚ་འུར་འུར་ངང་སྐུ་ཚབ་ཐེངས་ཁ་ཤས་སྐད་བཏང་བ་དང་གཅིག་མཚུངས་ཆགས་མི་སྲིད་པ་མ་རེད།

གལ་སྲིད་ཕེབས་ན་རྒྱལ་སྤྱིའི་ཐོག་ནས་རྒྱ་གཞུང་ལ་ལྟ་ཕྱོགས་འགྱུར་བ་འགྲོ་ངེས་མ་ཟད། དེ་ནས་བཟུང་རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་ནས་བོད་དོན་སྐོར་ནས་འགལ་རྐྱེན་གང་ཡང་མེད་པ་ཞིག་ཏུའང་འགྱུར་སྲིད། བོད་ནང་ནས་རྒྱ་གཞུང་གི་དབུ་ཁྲིད་གསར་པ་དང་གཞུང་གི་ངོས་ནས་༧གོང་ས་མཆོག་ཀྱང་གདན་འདྲེན་ཞུས་པའི་བྱེད་སྟངས་དེ་ལ་བརྟེན་ནས་བོད་ནང་གི་བོད་མི་ཕལ་མོ་ཆེའི་ངོས་ནས་རྒྱ་གཞུང་ལ་འཁོན་སེམས་ཞི་སྲིད་པ་དང། དེའི་རྗེས་སུ་བོད་དོན་འཐབ་རྩོད་སྐོར་གྱི་མེ་ལྕེ་དེ་ཡང་ཞི་འཇམ་དུ་འགྱུར་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་རེད། འཐབ་ཕྱོགས་གཅིག་གྱུར་དང། ཆོས་ལུགས་ལས་ཁུངས་ཀྱི་དཔོན་རིགས་ཁག་ཅིག་གིས་༧གོང་ས་མཆོག་ལ་ཕེབས་བསུ་ཙམ་ཞུ་ངེས་རེད་དེ། བོད་རྒྱའི་གནད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་ལ་རྒྱ་གཞུང་གིས་སྐད་ཆ་ཙམ་བཤད་སྲིད་ཀྱི་རེད་དམ་མ་རེད། རྒྱ་གཞུང་གིས་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཙམ་ལས། བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཅེས་ཡང་ཡང་ཤོད་བཞིན་པར་བརྟེན་བོད་དོན་སྐོར་ལ་ལག་པ་འཆང་ཙམ་ཡང་མི་བྱེད་པ་ཡོང་སྲིད་ཀྱི་རེད།

༧གོང་ས་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རྣམ་གཉིས་མཇལ་འཕྲད་གནང་ཐུབ་པ་བྱུང་ན་བོད་དོན་ཐག་གཅོད་ཡོང་བའི་རེ་བ་རྒྱག་མཁན་ཡོད་པ་མ་ཟད། ༧གོང་ས་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་ཐུབ་པ་ཙམ་གྱིས་གཟི་བརྗིད་ཆེན་པོ་ཡིན་པར་ངོས་འཛིན་དང་རེ་བ་རྒྱག་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་ནང་པ་མང་པོ་ཞིག་གིས་ཀྱང་༧གོང་ས་མཆོག་ལ་དད་གུས་སླེབས་ནས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་སྲིད་པའི་རེ་བ་རྒྱག་པ་དང། ༧གོང་ས་མཆོག་གི་ཞལ་ཞེ་གཉིས་མེད་ཀྱི་དགོངས་གཞི་དག་ཀྱང་རྒྱ་གཞུང་གི་དཔོན་རིགས་ཁག་ལ་གསལ་བཤད་གནང་ན་རྒྱ་གཞུང་གི་ངོས་ནས་༧གོང་ས་མཆོག་ལ་ཡིད་ཆེས་སླེབས་ཐུབ་པའི་རེ་བ་ཡང་རྒྱག་མཁན་ཧ་ཅང་མང་པོ་རེད། རེ་བ་དེ་དག་ཀྱང་མེད་པ་ཞིག་གཏན་ནས་མ་རེད་ལ། རེ་བ་རྒྱག་ཆོག་པ་ཞིག་ཀྱང་རེད་དེ། གོང་གི་ཉེན་ཁ་དེ་དག་དང་བསྡུར་ནས་བལྟས་ན་“བོད་རེ་བས་ཕོངས”ཞེས་པ་དེ་སླར་ཡང་རྒྱུ་མཚན་དང་གནས་ལུགས་ཡང་དག་ལྡན་པའི་ཆོད་སྡོམ་ཞིག་ཏུ་འགྱུར་སྲིད་པ་རེད།

མདོར་ན་རྒྱ་གཞུང་གི་ངོས་ནས་༧གོང་ས་མཆོག་གདན་འདྲེན་ཞུ་སྲིད་པའི་དབང་དུ་བཏང་ཡང་རྒྱ་དམར་གཞུང་གི་ཁེ་ཕན་ལ་བསམ་བློ་གཏོང་བ་ལས། བོད་མི་རིགས་ཀྱི་བདེ་སྡུག་དང་གནས་སྟངས་ལ་བསམ་ཤེས་བྱེད་མི་སྲིད་པ་དེ་གནད་དོན་མང་པོའི་ཐོག་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། སྤྱིར་སྐྱབས་བཅོལ་བ་ཞེས་པ་དེ་ཡུལ་གང་ཞིག་ཏུ་སྐྱབས་བཅོལ་གྱི་ངོ་བོའི་ཐོག་ཏུ་གནས་ཡོད་ཀྱང། དེ་ནས་ཐོག་མ་བྲོས་བྱོལ་དུ་ཡོང་དགོས་བྱུང་སའི་ས་ཁུལ་དེར་ཕན་ཚུན་འགྲོ་བསྐྱོད་ཆོག་པའི་གནས་སྟངས་ཤིག་ཡོད་ན། དངོས་ཡོད་གནས་ཚུལ་དང་ཁྲིམས་ལུགས་གཉིས་ཀའི་ཐོག་ནས་སྐྱབས་བཅོལ་བའི་གནས་བབས་དེ་ཡང་མུ་མཐུད་གནས་ཐུབ་པ་ཞིག་ཡིན་མིན་དྲི་བ་ཆེན་པོ་ཞིག་རེད། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་འཛིན་བཞིན་པའི་བཀའ་ཤག་གི་སྲིད་བྱུས་དེ་གལ་ཆེན་པོ་ཡིན་ནའང། ཕྱིའི་རྣམ་པ་ཡག་པོ་མ་བྱུང་བའི་ཐོག་ལ་ནང་གི་དོན་སྙིང་ཡང་མ་འགྲིག་པ་ཞིག་བྱུང་སོང་ན་དཀའ་ལས་ཁག་པོ་འབྱུང་སྲིད་པ་རེད། ད་དུང་༧གོང་ས་མཆོག་གི་སྐུ་ཕྱྭའི་གནས་སྟངས་སོགས་སེམས་ཁྲལ་དང་དོགས་པ་བྱེད་དགོས་པའི་གནས་ཚུལ་མང་པོ་ཞིག་ཀྱང་མེད་པ་གཏན་ནས་མ་རེད་སྙམ།།

Share this:
༢༡༧ ཀློག་གྲངས།