ཤེས་རབ་དགའ་ཚལ་སློབ་གླིང་གི་སྐབས་གཉིས་པའི་བོད་ཀྱི་ཐ་སྙད་གསར་པའི་ཤེས་བྱའི་འགྲན་ཚོགས།

༸གོང་ས་ཐམས་ཅད་མཁྱེན་པའི་བཀའ་དྲིན་རྗེས་དྲན་གྱི་ལོ་འདིར་ངེད་ཤེས་རབ་དགའ་ཚལ་སློབ་གླིང་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་སྙིང་ལ་བཅངས་ཏེ་རང་རེའི་བོད་ཀྱི་སྐད་ཡིག་གི་གནས་སྟངས་དེ་ཉིད་མི་ཉམས་གོང་འཕེལ་སླད་དུ་ཐ་སྙད་གསར་པའི་འགྲན་སྡུར་ཞིག་གོ་སྒྲིག་ཞུ་འཆར་ཡོད་པ་ལགས།

ཐེངས་འདིའི་འགྲན་ཞུགས་ནང་ས་རཱ་མཐོ་སློབ་དང་། ནོར་གླིང་མཐོ་སློབ། སྨན་རྩིས་མཐོ་སློབ། ཀིརྟི་བྱེས་པ་གྲྭ་ཚང་། སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང། རྫོང་སར་བཤད་གྲྭ། རྒྱུད་སྟོད་གྲྭ་ཚང་། ཀུན་ཕན་སློབ་གྲྭ། སུ་ཇ་བོད་ཁྱིམ་སློབ་གྲྭ། གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ། དྷ་ཤོད་བོད་ཁྱིམ་སློབ་གྲྭ། ཅོང་ཏ་ར་བོད་ཁྱིམ་སློབ་གྲྭ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ཅོང་ཏ་ར་སམ་བྷོ་ཊ་གཏན་སློབ། མ་སུ་རི་བོད་ཁྱིམ། སྤོན་ཊ་སམ་བྷོ་ཊ་གཏན་སློབ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་ཞུགས་རྒྱུའི་རེ་བ་ཆེན་པོ་བཅངས་ཡོད།

ཐོག་མར་མཐོ་སློབ་དང་སློབ་གྲྭ་ཁག་སོ་སོས་སློབ་གྲྭ་ནང་ཁུལ་ནས་སློབ་མ་ཡོངས་ལ་དེབ་འདིའི་ནང་གི་ཐ་སྙད་གསར་པ་འགྲན་བསྡུར་བྱ་དགོས་ཤིང་། ༼གསལ་བཤད་བྱ་རྒྱུ་ཞིག་ལ། འགྲན་སྡུར་བྱེད་སྟངས་ཀྱི་དཔེ་མཚོན་ནི། པར་རིས་ལ་བལྟས་ནས་ཐ་སྙད་ངོས་འཛིན་བྱ་རྒྱུ་དང་། ཐ་སྙད་གསར་པ་བེད་སྤྱོད་བཏང་ནས་ཚིག་སྒྲུབ་སྙན་མོའམ་ཆ་ཚང་བཟོ་རྒྱུ། དག་ཆ་ངོས་འཛིན་བྱ་རྒྱུ། པར་རིས་བཅུ་ལྷག་མཉམ་དུ་ཡོལ་གར་སྟེང་བསྟན་ནས་མྱུར་མགྱོགས་ཐོག་ཐ་སྙད་རྣམས་དཔོད་བྲིས་གཏོང་རྒྱུ། ཅ་ལག་དངོས་སུ་བསྟན་ནས་ཐ་སྙད་ངོས་འཛིན་བྱ་རྒྱུ། ཡོལ་གར་ངོས་སུ་ཤར་བའི་ཐ་སྙད་དེ་དག་འཁྲབ་སྟོན་གྱི་རྣམ་པའི་ལམ་ནས་དངོས་སུ་བེད་སྤྱོད་བྱ་རྒྱུ།༽ འགྲན་ཞུགས་རྩེ་ཕུད་རྣམ་པར་བྱ་དགའི་ཆེད་མཐོ་སློབ་དང་སློབ་གྲྭ་ཁག་རེ་རེར་སྒོར་༢༠༠༠ རེ་སྤྲོད་རྒྱུ་ཡིན་ཞིང་། དེའི་རྗེས་རྟིང་རྩོད་འགྲན་སྡུར་ནང་མཐོ་སློབ་དང་སློབ་གྲྭ་ཁག་རེ་རེ་ནས་སློབ་མ་རྩེ་ཕུད་ལྔ་རེ་འཛུལ་ཞུགས་བྱ་དགོས་ཤིང་། འགྲན་སྡུར་བྱ་ས་ཤེས་རབ་དགའ་ཚལ་སློབ་གླིང་ཡིན།

འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ལ་བྱ་དགའ་ཧིན་སྒོར་༣༠༠༠༠ དང་། ཨང་རིམ་གཉིས་པ་ལ་༢༠༠༠༠ དང་། ཨང་རིམ་གསུམ་པ་ལ་༡༢༠༠༠དང་། ཨང་རིམ་བཞི་བ་ལ་༨༠༠༠ བཅས་ཡོད་ཅིང་། ལམ་གྲོན་ཆེད་ཧིན་སྒོར་༣༠༠༠ རེ་དང་། ཉིན་གཉིས་རིང་སྡོད་ས་དང་ཞལ་ལག་ཚང་མ་གང་ཐུབ་ཅི་ཐུབ་ཀྱིས་གོ་སྒྲིག་ཞུ་རྒྱུ་ཡིན།

༢༠༡༤་༡༡་༤ཉིན་གྱི་དགོང་དྲོ་ཆུ་ཚོད༤ཐོག་འབྱོར་ཐོ་དགོད་དགོས་ཤིང་། ཚེས་༥ཉིན་མཁས་པའི་བགྲོ་གླེང་དང་ཚེས་༦ཉིན་ཐ་སྙད་གསར་པའི་འགྲན་བསྡུར་དངོས་བྱ་རྒྱུ་ཡིན་པས་འབྲེལ་ཡོད་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་དང་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་རྣམ་པ་གཉིས་དང་སློབ་གྲྭ་ཁག་གི་སློབ་སྤྱི། མཐོ་སློབ་དང་གྲྭ་ཚང་ཁག་གི་གནད་ཡོད་མི་སྣ་རྣམ་པས་རོགས་རམ་དང་རྒྱབ་སྐྱོར་ཚད་མེད་གནང་བར་མཁྱེན།

༢༠༡༤།༡༠།༢ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་ནས་ཕུལ།

E-mail: thinleydhondup@gmail.com

འབྲེལ་གཏུགས་ཁ་པར། 9882233711. འཕྲིན་ལས་དོན་གྲུབ།

Share this:
༡༦༨ ཀློག་གྲངས།