བོད་ཀྱི་གསོ་བ་རིག་པའི་སྐོར་ལས་ཤའི་ཕན་ཡོན་སྐོར།

༡ སྐམ་སའི་ཤ ས་ཆ་སྐམ་སར་གནས་པའི་ཤ་རྣམས་ནི། ནུས་པ་བསིལ་བ་ཡང་བ་རྩུབ་པའི་དབང་གི་རླུང་དང་བད་ཀན་ལྡན་པའི་ཚ་བ་ལ་ཕན་པ་ཡིན།
༢ རླན་སའི་ཤ རླན་གནས་ཤ་རྣམས་ནུས་པ་སྣུམ་ཞིང་ལྕི་ལ་དྲོ་བ་ཡིན་པས། ཕོ་བ་དང་མཁལ་རྐེད་གྲང་རླུང་ནད་ལ་ཕན་པ་ཡིན།
༣ ཤ་བྱེ་བྲག་པའི་ནུས་པ།
ཀ ལུག་གི་ཤ་ནི་ནུས་པ་སྣུམ་ཞིང་དྲོ་བས་ལུས་ཀྱི་སྟོབས་འཕེལ་ལ་ཟུངས་ཁྲག་སྐྱེད་པ་དང་སྐྲན་བཤིག་པ་ལུས་ཀྱི་ཤ་རྒྱས་ཞིང་གྲང་བའི་ནད་མ་ལུས་ལ་ཕན་པ་ཡིན། ཤུགས་ནས་མཁྲིས་པ་དང་ཚ་བ་ལ་གནོད་པ་ཡིན།
ཁ ར་ཤ་ནི་ནུས་པ་ལྕི་ལ་བསིལ་བས་རླུང་མཁྲིས་བད་ཀན་གྱི་ནད་སློང་ཞིང་རེག་དུག་འབྲུམ་ནག་དང་མེས་ཚིག་པའི་རྨ་ལ་ཕན།
ག བ་དང་གླང་གི་ཤ་རྣམས་ནུས་པ་བསིལ་ལ་སྣུམ་པས་རླུང་དང་ལྡན་པའི་ཚ་བ་སེལ་བ་ཡིན།
ང མ་ཧེའི་ཤ་ཡིས་གཉིད་དང་ལུས་ཀྱི་ཤ་འཕེལ་བར་བྱེད།
ཅ གཡག་གི་ཤ་ནི་སྣུམ་ལ་དྲོ་བས་གྲང་བ་སེལ་ཞིང་ཁྲག་དང་མཁྲིས་པ་སྐྱེད་པ་ཡིན།
ཆ འབྲོང་གི་ཤ་ཡིས་ཕོ་མཆིན་གྱི་གྲང་བ་སེལ་ལ་མེ་དྲོད་སྐྱེད་པ་ཡིན།
ཇ རི་དྭགས་ཀྱི་ཤ་ནི་ནུས་པ་བསིལ་ལ་ཡང་བས་བད་ཀན་ལྡན་པའི་ཚ་བ་ལ་ཕན།
ཉ རི་བོང་གི་ཤ་ནི་ནུས་པ་རྩུབ་པ་དང་ཤ་ཡིས་དྲོད་སྐྱེད་ལ་འཁྲུ་བ་གཅོད་པ་ཡིན།
ཏ ཉ་ཤས་ཕོ་བའི་ནད་སེལ་ལ་ཟས་ཀྱི་དང་ག་འབྱེད་པ་དང་མིག་གསལ་བར་བྱེད་པ་རྨ་འབྲས་བད་ ཀན་བཤིག་པར་བྱེད་པའི་ནུས་པ་ཁྱད་པར་ཅན་ཡོད།
༤ སྤྱིར་ཤ་གསར་ནི་ནུས་པ་བསིལ་བ་དང་ཤ་རྙིང་པ་ནུས་པ་དྲོ་བ་དང་བཅུད་ཆེ་བ་ཡོད། ལོ་སོང་བའི་ཤ་ནི་ཁྱད་པར་རླུང་གནོད་ལ་མི་དྲོད་སྐྱེད་པར་བྱེད། ཤ་རྙིང་དང་ལོ་ཤ་སོགས་གནམ་གཤིས་ལ་གཞིགས་དགོས་པ་ཡིན། ཤ་རློན་པ་འཁྱགས་པོ་དང་མེར་བསྲེགས་པ་ནི་འཇུ་དཀའ་བ་ཡིན། ཤ་སྐམ་པོ་དང་བཙོས་པ་ནི་ནུས་པ་ཡང་ཞིང་འཇུ་སླ་བ་ཡོད།
༥ ཤ་ལ་དུག་ཡོད་མེད་བརྟག་པ།
ཤ་ལ་དུག་ཡོད་ན་མདོག་དུས་རྒྱུན་ལས་དམར་བ་དང་གྲི་སོགས་ལྕགས་མེར་བསྲེགས་པར་སྦྱར་དུས་ཤ་དང་མི་འབྱར་ལ་མི་འཚིག་པར་སྦོས་ཤིང་ཆང་དང་སྦྱར་ནས་མིག་ལ་བདུགས་ན་མིག་ཚ་ལ་ཟ་འཁྲུག་ལངས་པ་ནི་ཤ་ལ་དུག་ཡོད་པའི་རྟགས་ཡིན།
༥ ཤ་དང་མི་འཕྲོད་པའི་ཟས་རིགས།
ཉ་ཤ་དང་འོ་མ་གཉིས་མཉམ་བསྲེས་ན་མི་འཕྲོད་པ་ཡིན། ཁྱིམ་བྱའི་ཤ་དང་ཞོ་བསྲེས་ན་མི་འཕྲོད་པ་ཡིན། བྱ་ཡི་སྒོ་ང་དང་ཉ་ཡི་ཤ་མི་འཕྲོད་པ་ཡིན། ཤ་ལ་དཀར་ཞེས་འོ་མ་དང་ཞོ་དང་སྐྱུར་ཞེས་པ་ཆང་དང་རྩམ་དྲིས་ཕོག་པ་དང༌། ཤ་བཙོས་པ་རླངས་བསྲུབས་ནས་ཞག་བདུན་ལས་མང་བ་ཕྱིན་པ་སོགས་ནི་མི་འཕྲོད་པ་ཡིན་པས་སྤང་དགོས་པ་ཡིན་ནོ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||