བོད་ཀྱི་སྐད་ཡིག་སྤེལ་བར་བྱེད་པའི་བསམ་འཆར་འགའ།

༣༽སྔར་ཡོད་རིག་གནས་རྒྱུན་འཛིན་བྱ་རྒྱུ་དང༌། དེང་རབས་ཀྱི་རིག་གནས་གསར་པ་སློབ་སྦྱོང་བྱ་རྒྱུ་གཉིས་ཀ་གལ་ཆེ་མཉམ་ཡིན་པས་དེ་གཉིས་གཅིག་མེད་ན་ཡང་མི་འགྲིག་ཟེར་བ་བཅས་ཡིན། གོང་གསལ་ལྟ་ཚུལ་གསུམ་གྱི་ནང་ནས་ལྟ་ཚུལ་དང་པོ་དང༌། གསུམ་པའི་བར་ལ་འགལ་བ་དེ་ཙམ་ཆེན་པོ་མེད། ལྟ་ཚུལ་གཉིས་པ་འཛིན་མཁན་ཚན་པ་ཁག་དང་སློབ་གྲྭ་ཁག་ནང་དུ་མི་མང་པོ་མེད་ཀྱང༌། ཏང་སྲིད་སློབ་གྲྭའི་ནང་དབང་ཆ་བཟུང་ཡོད་པའི་ཚན་པ་ཞིག་ཡིན་ན་སྔར་ཡོད་རིག་གནས་སློབ་གསོ་མི་དགོས་པ་དང་ཉུང་དུ་གཏོང་བའི་བྱེད་ཕྱོགས་འཛིན་གྱི་ཡོད། དེའི་གནད་འགག་ཐུག་ས་ནི་བོད་ཀྱི་སྐད་ཡིག་གཙོ་གནད་དུ་བཞག་པའི་རིག་གནས་སློབ་གསོ་ཤུགས་ཆུང་དུ་གཏོང་བའམ་མི་དགོས་པ་བཟོ་ཐུབ་པའི་ཆེད་དུ་རེད། གང་ཡིན་ཟེར་ན། བོད་ཀྱི་སྐད་ཡིག་ཐོག་ནས་སྔར་ཡོད་རིག་གནས་སློབ་སྦྱོང་བྱེད་ཐུབ་པ་མ་གཏོགས། དེང་རབས་ཀྱི་རིག་གནས་གསར་པ་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་སྦྱོང་བྱ་རྒྱུའི་ཐད་ད་ལྟ་རྨང་གཞི་འདིང་བའི་མགོ་ཚུགས་ཙམ་ལས་མེད་སྟབས་སྔར་ཡོད་རིག་གནས་སློབ་སྦྱོང་མི་དགོས་པ་བཟོ་ཐུབ་ན་བོད་ཀྱི་སྐད་ཡིག་གཙོ་གནད་དུ་བཞག་པའི་སློབ་གསོའི་མ་ལག་དེ་མེ་རང་ཤི། དུ་བ་རང་ཡལ་ལྟ་བུ་ཞིག་བཟོ་བསམ་པ་དེ་རེད། སྔར་ཡོད་བོད་ཀྱི་རིག་གནས་ནི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་རྒྱུར་མེད་དུ་མི་རུང་བའི་རྩིག་རྨང་ལྟ་བུ་ཡིན་ཞིང༌། རྨང་གཞི་དེ་ཡོད་ན་དེང་རབས་ཀྱི་རིག་གནས་གསར་པ་བོད་ཀྱི་སྐད་ཡིག་ཐོག་ནས་བསླབས་ཤེས་ཐུབ་པའི་ཁང་བཟང་ལྟ་བུ་ཡིན་པས་རྨང་གཞི་བཟང་པོ་དེ་རྒྱུན་འཛིན་དང༌། འཕེལ་རྒྱས་བཏང་སྟེ་སྔར་མེད་པའི་དེང་རབས་ཀྱི་རིག་གནས་གསར་པ་ཤེས་རྟོགས་དང་གསར་གཏོད་བྱས་ཏེ་རང་གི་མི་རིགས་ཀྱི་རིག་གནས་དེ་ཆུ་ཚད་གསར་པ་ཞིག་ཏུ་གོང་མཐོར་སླེབས་པ་བྱ་དགོས།
༢༽ ལོ་གཉིས་རིང་ཚོད་ལྟའི་སློབ་སྦྱོང་བྱས་ནས་འདི་ལོ་ཡིག་ཚད་བཏང་སྐབས་སློབ་ཕྲུག་མི་གྲངས་བཅུ་གཅིག་གི་སྦྱངས་འབྲས་རྒྱ་ཡིག་ཐོག་ནས་བསླབས་པ་དང་ཁྱད་མེད་པའི་ཆུ་ཚད་ལོན་ཡོད་སྟབས། བོད་རང་སྐྱོང་ལྗོངས་སློབ་གསོ་ཚན་རྩལ་ཨུ་ཡོན་ལྷན་ཁང་དང༌། བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་སློབ་སྦྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཉིས་ནས་དགེ་སློབ་རྣམས་ལ་བྱ་དགའི་དངུལ་སྒོར་སུམ་བརྒྱ་ཡས་མས་དང༌། དངོས་པོ་སྣ་ཚོགས། ཁ་བཏགས་ཨ་ཤེ་རེ་བཅས་གནང་བ་མ་ཟད། གཞིས་རྩེ་ས་གནས་སློབ་འབྲིང་ལ་བྱ་དགའི་དངུལ་སྒོར་ཆིག་ཁྲི་དང༌། ལྷོ་ཁ་ས་གནས་སློབ་འབྲིང་ལ་སྒོར་བདུན་སྟོང༌། ལྷ་ས་སློབ་འབྲིང་ཨང་དང་པོར་སྒོར་ལྔ་སྟོང་བཅས་གནང་ཞིང༌། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོར་ཉེས་ཆད་སྒོར་ཁྲི་གཅིག་བཅད་པ་བཅས་བྱུང་ཡོད།
༣༽ བོད་ཀྱི་སྐད་ཡིག་ཐོག་ནས་རྩིས་དངོས་རྫས་གསུམ་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ཆུ་ཚད་མཐོན་པོ་ཡོད་ན་སློབ་ཁྲིད་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཐུབ་པ་ར་འཕྲོད་གསལ་པོ་བྱུང་ཡོད། གོང་དུ་ཞུས་པ་ལྟར་ལོ་གཉིས་ལས་མ་སོང་བའི་དུས་ཚོད་ཐུང་ཐུང་དེའི་ནང་གྲུབ་འབྲས་དང་ཉམས་མྱོང་བཟང་པོ་ཐོབ་པ་རྣམས་དགེ་རྒན་རྣམ་པ་དང༌། སློབ་མ་བཅས་ཚང་མས་སེམས་ཤུགས་གཅིག་སྒྲིལ་ཐོག་ནས་དཀའ་ངལ་ལ་མ་འཛེམས་པར་འབད་བརྩོན་ཧུར་ཐག་གནང་བའི་བྱས་རྗེས་ཡིན་པ་མ་ཟད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང༌། ང་ཕོད་ཨུ་ཡོན་ཀྲང་རྣམ་གཉིས་ཀྱིས་ལས་དོན་དེ་ཡི་ཐད་ཐོག་མའི་མཛུབ་སྟོན་བཀའ་སློབ་ཡང་ཡང་གནང་དོན་ལྟར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང༌། མི་དམངས་སྲིད་གཞུང་སློབ་གསོ་ཚན་རྩལ་ཨུ་ཡོན་ལྷན་ཁང་བཅས་ནས་ཐད་ཀའི་དབུ་ཁྲིད་ཡང་དག་གནང་བའི་མཛད་རྗེས་བཟང་པོ་ཞིག་རེད། གོང་གསལ་གྱི་གྲུབ་འབྲས་ཐོག་ནས་ང་ཚོས་མཐོང་ཐུབ་པ་ནི་བོད་མི་རིགས་རང་ཉིད་ཀྱི་སློབ་གསོ་གོང་འཕེལ་གཏོང་རྒྱུར་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་གྲུབ་འབྲས་ཐོན་པར་མགྱོགས་པ་གསལ་བཤད་བྱུང་ཡོད་པ་དེ་ཡིན། གལ་ཏེ་རྒྱ་ཡི་སྐད་ཡིག་ལ་བརྟེན་ནས་དེང་རབས་ཀྱི་རིག་གནས་གསར་པ་བསླབས་ན་བོད་རིགས་སློབ་མ་བརྒྱ་ཆ་སུམ་བཅུ་ཡས་མས་ཙམ་མ་གཏོགས། དེ་བྱིངས་སློབ་མ་མང་ཆེ་བ་ཐོག་མར་སྐད་ཡིག་གི་འགག་སྒོ་ནས་གྲོལ་རྒྱུ་དཀའ་ངལ་ཧ་ཅང་ཆེ་བར་བརྟེན། སློབ་འབྲིང་ཐོན་དུས་དམའ་རིམ་སློབ་འབྲིང་གི་ཆུ་ཚད་མ་གཏོགས་ལོན་མི་ཐུབ་ན་སློབ་གྲྭ་ཆེན་མོར་ག་ལ་འགྲོ་ཐུབ། བོད་ལྗོང་ས་ཁུལ་མང་ཆེ་བས་དཔལ་འབྱོར་དང་རིག་གནས། འཕྲོད་བསྟེན་གང་ཅིའི་ཐད་ནས་རྒྱ་མི་རིགས་ཀྱི་རྗེས་ཟིན་རྒྱུ་ཕར་ཞོག ཁྱིམ་མཚེས་ཡིན་པའི་ནང་སོག་དང་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་རྗེས་ཟིན་མི་ཐུབ་པ་དེ་ཡི་གནད་དོན་གང་ལ་ཐུག་པ་རེད་ཟེར་ན། རང་གི་མི་རིགས་ཀྱི་སྐད་ཡིག་ཐོག་ནས་སློབ་གསོའི་མ་ལག་ཆ་ཚང་བ་འཛུགས་མ་ཐུབ་པ་དེར་ཐུག་ཡོད། འཛམ་གླིང་ཐོག་གི་སྟོབས་ཆེན་རྒྱལ་ཁབ་རི་པིན་དང༌། ཧཕ་རན་སི། དབྱིན་ཇི། སུའུ་ལེན་བཅས་ཚང་མས་རང་གི་མི་རིགས་ཀྱི་སྐད་ཡིག་ཐོག་ནས་སློབ་གསོའི་མ་ལག་ཆ་ཚང་བཙུགས་པ་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་ཕྱིན་པ་ཤ་སྟག་རེད།
གསུམ་པ། བོད་ཀྱི་སྐད་ཡིག་གཙོ་བོར་བྱས་པའི་སློབ་གསོའི་མ་ལག་འཛུགས་རྒྱུའི་ཐོག་ལྷགས་པའི་གནད་དོན་སྐོར།
སློབ་དེབ་རྩོམ་སྒྲིག་བྱ་རྒྱུ། ད་ལྟ་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔས་འབད་བརྩོན་ཆེན་པོ་གནང་བར་བརྟེན་སློབ་གྲྭ་ཆུང་འབྲིང་གཉིས་ཀྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་བྱ་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཀྱང༌། སློབ་གྲྭ་ཆེན་མོའི་སློབ་དེབ་རྩོམ་སྒྲིག་གི་ལས་དོན་ད་ལྟ་འགོ་ཚུགས་ཐུབ་མེད་པ་མ་ཟད། སློབ་དེབ་ཀྱི་ཁྲོད་དུ་ཀློག་རྒྱུའི་ཟུར་བལྟའི་ཡིག་ཆ་ད་ལྟ་བྱུང་མེད་པ་དེ་ནི་གནད་དོན་ཆེན་པོ་ཞིག་རེད། དེར་བརྟེན་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་རྒྱ་ཡིག་དང༌། དབྱིན་ཡིག་རྣམས་བོད་ཀྱི་སྐད་ཡིག་ཐོག་ཏུ་བསྒྱུར་ན་ཟུར་བལྟའི་དཔྱད་གཞིའི་ཡིག་ཆ་མི་ལྡང་བའི་དཀའ་ངལ་སེལ་ཐུབ་རྒྱུ་རེད། དེའི་ཐད་ལ་བོད་ཀྱི་སྔོན་བྱོན་ལོ་ཙཱ་བ་བཀའ་དྲིན་ཅན་སུམ་བརྒྱ་ལྷག་ཡོད་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཐོག་མེད་པའི་ཆོས་དཔེ་དང༌། གསོ་རིག སྐར་རྩིས། སྙན་ངག གཏམ་རྒྱུད། སྒྲུང༌། བསླབ་བྱ་སོགས་གྲངས་ལས་འདས་པ་རྒྱ་གར་གྱི་སྐད་ཡིག་དང༌། ཁ་ཆེའི་སྐད་ཡིག རྒྱ་ཡི་སྐད་ཡིག་བཅས་ཁག་བཞི་ནས་བོད་སྐད་དུ་བསྒྱུར་གནང་མཛད་པར་བརྟེན། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་དུས་སྐབས་དེར་གང་ཡོད་པ་ཕལ་ཆེར་བ་བོད་ཀྱི་སྐད་ཡིག་ཐོག་ནས་ཐད་ཀར་བསླབས་ཤེས་ཐུབ་པའི་བོད་མི་རིགས་ཀྱི་སློབ་གསོའི་མ་ལག་བཙུགས་གནང་མཛད་པའི་མཛད་རྗེས་དང་བཀའ་དྲིན་ལ་འགྲན་ཟླ་གང་ནས་ཡོད། རྒྱལ་ཡོངས་བཅིངས་གྲོལ་ཐོབ་རྗེས་སུ་ཡང་རྒྱ་བོད་སྐད་ཡིག་གཉིས་ཀར་བྱང་ཆུབ་པའི་ལོ་ཙཱ་བ་རྣམས་ཀྱི་དེང་རབས་ཆབ་སྲིད་དང༌། ལོ་རྒྱུས། རྩིས་རིག དངོས་ཁམས། རྫས་འགྱུར་རིག་པ། སྒྲུང་གཏམ། གློག་བརྙན། བརྙན་འཕྲིན་སོགས་གྲངས་ལས་འདས་པ་ཞིག་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་གནང་མཛད་པར་བརྟེན། བོད་ཀྱི་རིག་གནས་སྔར་ལས་ཕུན་སུམ་ཚོགས་སུ་ཕྱིན་ཏེ་སློབ་གྲྭ་ཆུང་འབྲིང་གཉིས་ཀྱི་སློབ་དེབ་རྩོམ་སྒྲིག་བྱ་རྒྱུར་རྨང་གཞི་བཟང་པོ་བཏིང་གནང་མཛད་པ་དེར་ང་ཚོས་ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་གྱི་ཐོག་ནས་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད་པ་མ་ཟད། ཁོང་རྣམ་པ་འཚོ་བཞུགས་གནང་རིང་སློབ་གཞི་རྩོམ་བསྒྱུར་སྡེ་ཚན་ཞིག་འཛུགས་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་སྐབས་ལ་སླེབས་ཡོད།
བཞི་པ། ད་ཡོད་བོད་ཡིག་སློབ་ཁྲིད་དགེ་རྒན་གྱི་རིག་གནས་ཆུ་ཚད་མཐོ་རུ་གཏོང་དགོས་པ།
ད་ལྟ་བོད་ཡིག་ཐོག་ནས་རྩིས་དངོས་རྫས་གསུམ་སློབ་ཁྲིད་གནང་མཁན་དགེ་རྒན་ཁག་གཅིག་རྒྱ་བོད་སྐད་ཡིག་གཉིས་ཀའི་ཆུ་ཚད་མཐོན་པོ་ཡོད་ཀྱང༌། ཁག་གཅིག་བོད་ཡིག་གི་ཆུ་ཚད་ཞན་ཙམ་དང༌། ཁག་གཅིག་རྒྱ་ཡིག་དང་དབྱིན་ཡིག་གི་ཆུ་ཚད་ཞན་པོ་ཡིན་སྟབས། དཔྱད་གཞིའི་ཡིག་རིགས་མང་པོར་བལྟ་རྒྱུ་ཕར་ཞོག སློབ་དེབ་ཀྱི་ནང་དོན་ཡང་གསལ་ཞིང་ཆ་ཚང་བ་སློབ་ཁྲིད་བྱེད་ཐུབ་ཀྱི་མེད་པས། སྐད་ཡིག་གཉིས་དང་གསུམ་གྱི་རིག་གནས་ཆུ་ཚད་ཡོད་པའི་དགེ་རྒན་མང་ཙམ་གསོ་སྐྱོང་གི་འཛིན་གྲྭ་འཛུགས་དགོས་པ་མ་ཟད། དགེ་རྒན་དང་འོས་སྦྱོང་སློབ་མ་ཚོར་དགོས་ངེས་ཀྱི་ཐོབ་ཐང་ཡོད་པ་གནང་དགོས།
ལྔ་པ། བོད་ཀྱི་སྐད་ཡིག་ཐོག་ནས་སློབ་གསོའི་མ་ལག་བཙུགས་རྗེས་ཀྱི་མདུན་ལམ་སྐོར། གནད་དོན་དེ་ནི་དགེ་རྒན་དང༌། སློབ་མ། ཁྱིམ་ཚང་བཅས་ཚང་མས་སེམས་འཁུར་དང་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་མང་པོ་ཡོད་ཀྱང་གཙོ་ཆེ་བ་ནི། སློབ་གྲྭ་ཆེན་མོར་འགྲོ་ཐུབ་དང་མི་ཐུབ། བོད་ཀྱི་སྐད་ཡིག་གཙོ་བོར་བཞག་པའི་སློབ་གྲྭ་ཆེན་མོ་འཛུགས་ཐུབ་དང་མི་ཐུབ། ཐུབ་པའི་དབང་དུ་བྱས་ན་སློབ་གྲྭ་ཆེན་མོ་དེ་ལ་རྒྱལ་ཡོངས་སྤྱི་མཚུངས་ཀྱི་སློབ་གྲྭ་ཆེན་མོའི་ཐོབ་ཐང་ཡོང་དང་མི་ཡོང༌། གལ་ཏེ་འཛུགས་མ་ཐུབ་ན། བོད་ཀྱི་སྐད་ཡིག་ཐོག་ནས་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མ་དེ་སློབ་གྲྭ་ཆེན་མོ་གཞན་དག་ལ་འགྲོ་ཐུབ་པའི་ཐོབ་ཐང་ཡོང་དང་མི་ཡོང་བཅས་རེད། གོང་གསལ་གནད་དོན་དེ་ཚོ་ནི་གོང་རིམ་ཏང་དང་སྲིད་གཞུང་གིས་གང་མགྱོགས་ཐག་གཅོད་གནང་དགོས་པའི་གནད་དོན་ཞིག་ཡིན་པ་ལས་སློབ་གྲྭ་ཆེན་མོས་ཐག་གཅོད་བྱ་ཐུབ་པ་ཞིག་མིན། དེ་མིན་གནད་དོན་གཞན་དག་ཡོད་ཀྱང་དུས་ཚོད་ཀྱིས་མི་ལྡང་བས་ཞུ་མི་དགོས་པ་བཅས། བོད་ཀྱི་སྐད་ཡིག་གཙོ་བོར་བྱས་པའི་སློབ་གསོའི་ཐོག་འབྲེལ་ཡོད་ཀྱི་གནད་དོན་དཔྱད་ཞིབ་དང་དགོངས་བཞེས་གནང་རྒྱུར།། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་གསུང་འབུམ་སྐད་ཡིག་དང་སློབ་གསོ་ཞེས་པ་ལས་བཏུས།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 2

Leave a Reply