པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་སློབ།

བརྡ་དོན་བརྒྱུད་སྤྲོད་ཀྱི་ནུས་པ་ཞན་པོ་ཡོད་པ་རེད་ཅེས་འཁྱོག་བཤད་བྱས་ནས། བོད་ཡིག་གི་མཚན་མཐོང་ལ་དམའ་འབེབས་བྱེད་ཀྱི་ཡོད། བོད་ཡིག་ལ་ཐ་སྙད་གསར་པ་མི་ལྡེང་བ་ནི་དོན་དངོས་ཡིན་ཀྱང༌། འཇིག་རྟེན་ཐོག་སྐད་ཡིག་གང་འདྲ་ཞིག་ལའང་ཐོག་མ་ནས་ཕུན་སུམ་ཚོགས་ལ་ལྡེང་ངེས་ཀྱི་ཐ་སྙད་ཡོད་པ་ཞིག་རྩ་བ་ནས་ཐོས་མ་མྱོང་ལ། རྗེས་སུའང་མཐོང་དཀོན་པ་ཞིག་རེད། དེའི་ཕྱིར་ཚང་མས་སོ་སོའི་སྐད་ཡིག་མཆོག་འཛིན་གྱི་ཁེངས་སེམས་དོར་ནས། སྐད་ཡིག་གཞན་ལ་དཔྱད་ཞིབ་དང་དེའི་ལེགས་ཆ་བསྡུས་ཏེ་རང་ཉིད་ཀྱི་སྐད་ཡིག་འཕེལ་རྒྱས་བཏང་ཐོག་དེ་འཐུས་ཚང་ཕན་ནུས་ལྡན་པ་ཞིག་དང༌། དགོས་མཁོ་སྐོང་ཐུབ་པ་ཞིག་ཡོང་བ་བྱུ་རྒྱུ་ནི་དོན་དམ་དུ་བྱེད་དགོས་ངེས་ཤིག་རེད། གལ་སྲིད་མང་ཚིག་གིས་མི་ལྡེང་བ་དེར་བལྟས་ཏེ་སྐད་ཡིག་དེ་ཉིད་ལ་དམའ་འབེབས་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད། དེ་བཞིན་དུ་སྤྱོད་ཚུལ་འདི་རིགས་མི་རིགས་རང་ལ་བརྙས་བཅོས་མཐོང་ཆུང་བྱས་པ་ཞིག་ཀྱང་རེད། ད་དུང་མི་མི་ཉུང་བ་ཞིག་གིས་རང་ཉིད་བོད་ཡིག་ཆུ་ཚད་དམའ་དྲགས་ཏེ། ཚིག་དོན་བརྡ་སྤྲོད་དང༌། གོ་བདེ་དོན་ཟབ་ཅིག་ཡོང་དཀའ་བ་བཅས་ཚང་མ་བོད་ཡིག་གི་ཞན་ཆར་བརྩི་བཞིན་ཡོད། མི་འདི་ཚོས་ངོ་ཚ་ཤེས་ཀྱི་མི་འདུག་ཨང༌། བོད་ལྗོངས་བཅིངས་འགྲོལ་བཏང་རྗེས་དང་ལྷག་པར་དུ་ཕྱི་ལོ་༡༩༥༩ ལོ་ནས་བཟུང༌། ཏང་གི་ཐུགས་འཁུར་འོག་རིག་གནས་སློབ་གསོ་འཕེལ་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་དང༌། ཡིག་རྨོངས་ཀྱི་ཞྭ་མོ་ཕུད་དེ། སྟབས་བདེའི་འཕྲིན་ཡིག་སོགས་འབྲི་ཀློག་ཐུབ་མཁན་སྔོན་མ་ལས་ལྡབ་འཕལ་གྱིས་མང་དུ་སོང་ཡོད་པ་དང༌། བོད་ཡིག་ཆེས་ཆེར་འཕར་སྣོན་སོང་ཡོད་པ་མ་ཟད། མང་ཚོགས་ཀྱི་རིག་གནས་འཚོ་བའི་ནང་དུའང་དོན་སྙིང་ལྡན་པའི་ནུས་པ་ཞིག་འདོན་གྱི་ཡོད། འདི་ཚང་མས་དགའ་མོས་བྱེད་འོས་པའི་བཀྲིས་པའི་བྱ་བ་ཞིག་ཡིན་པ་སྨོས་མི་དགོས་པ་ཞིག་རེད། འོན་ཀྱང་བོད་ཡིག་སློབ་ཁྲིད་བྱེད་ཐབས་འཐུས་ཚང་མེད་པས། བོད་ཡིག་ནང་གི་སྔར་ཡོད་དོན་མཚོན་བརྡ་སྤྲོད་ནུས་པ་དང༌། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་ཉམས་ཞན་དུ་ཕྱིན་ཏེ་ཚིག་ཉོག་ཆེས་ཆེར་མང་དུ་སོང་བའི་རྐྱེན་གྱིས། བོད་ཡིག་གི་ཁྱད་འཕགས་རང་བཞིན་དེ་རིམ་བཞིན་ཡལ་འགྲོ་གི་ཡོད། རྒྱུ་མཚན་ནི་བོད་རིགས་ཀྱི་ས་ཁུལ་ཁག་རྒྱ་ཁྱོན་ཧ་ཅང་ཆེ་བ་དང༌། མི་འབོར་ཆེས་ཉུང་བའི་དམིགས་བསལ་ཁྱད་ཆོས་འོག ཐུན་མོང་དུ་སྤྱོད་པའི་ཁ་སྐད་ཅིག་མེད་པ་དང༌། ཡུལ་སྐད་དབར་ཁྱད་པར་ཆེ་བས། ཕན་ཚུན་གོ་དཀའ་བ་ཞིག་ཡིན་མོད། ཚང་མ་ཐུན་མོང་དུ་སྤྱོད་པའི་ཡི་གེ་ཞིག་གིས་གཅིག་གྱུར་བྱས་ཡོད། འདི་ནི་བོད་ཡིག་ལ་གཅིག་གྱུར་གྱི་དག་ཡིག་ཅིག་དང༌། ཐུན་མོང་དུ་སྤྱོད་པའི་ཡིག་སྐད་ཅིག་ཡོད་པའི་རྐྱེན་གྱིས་རེད། དཔེར་ན། བོད་ཡིག་གི་གསུང་རྩོམ་ཐམས་ཅད་ཁམས་དང༌། ཨ་མདོ། མངའ་རིས། འབྲུག་ཡུལ། འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས་བཅས་དང༌། ཐ་ན་སོག་ཡུལ་སོགས་མི་རིགས་གཞན་དག་ཁྲོད་ཀྱི་བོད་ཡིག་ཤེས་མཁན་གྱིས་ཀྱང་ནང་དོན་ཆ་ཚང་རྟོགས་ཐུབ་ཀྱི་ཡོད་ལ། དེ་མཚུངས་སུ་ཁམས་དང་ཨ་མདོ། མངའ་རིས། འབྲུག་ཡུལ། འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས། སོག་ཡུལ་སོགས་ས་ཁུལ་ནས་བྲིས་པའི་བོད་ཡིག་དེ་ས་ཁུལ་གཞན་གྱི་བོད་ཡིག་ཤེས་མཁན་ཚོས་ནང་དོན་ཆ་ཚང་རྟོགས་ཐུབ། དེར་བརྟེན་བོད་ཡིག་ནི་དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་དང༌། གཅིག་གྱུར་གྱི་རང་བཞིན་ལྡན་པའི་ཡིག་རིགས་ལེགས་པོ་ཞིག་ཡིན། ཅེས་པ་འདི་ཉིད་པཎ་ཆེན་རིན་པོ་ཆེ་མཆོག་གིས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ཤོག་ངོས་༩༦ ནས་༩༩ བར་གསལ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||