ཡིག་གཟུགས་སྦྱོང་བརྡར་བྱེད་ཕྱོགས།

དབུ་ཅན་ནི་སྔ་དུས་བོད་དུ་ཨེ་པ་དང་སྙེ་མོའི་ཡིག་འབྲི་བ་རྣམས་ཀྱི་ཕ་མེས་མི་རབས་རིམ་བརྒྱུད་ནས་བྱུང་བའི་དམིགས་བསལ་ལག་རྩལ་ཅན་གྱི་ཆེད་ལས་ཞིག་ཡིན་པ་ལས། བོད་ལྗོངས་རྒྱ་ཁྱབ་ཏུ་སྦྱོང་བརྡར་བྱེད་མི་ཧ་ཅང་ཉུང་སྟབས་དབུ་ཅན་ཚད་ལྡན་གྱི་ལག་རྩལ་སྲོལ་རྒྱུན་ཉམས་རྒུད་དུ་སོང་བ་མ་ཟད། ཡིག་མཁན་འགའ་ཞིག་གིས་སྨྱུ་གུའི་གསེགས་ཁ་འདོན་ཕྱོགས་འབྲི་བ་པོའི་གཡོན་ངོས་སུ་བཅད་བཏུབས་བྱས་ཏེ་མགོ སྦོ། མིག རྐང་བཞིའི་སྨྱུག་ཁ་སྒྱུར་སྟངས་སྟབས་གང་བདེར་འབྲི་སྲོལ་ཞིག་རང་བློས་གསར་གཏོད་བྱས་པ་དེ་ཡི་ལག་ལེན་མ་དག་རྒྱུན་འབྱམས་སུ་སོང་ཞིང༌། འབྲི་སྲོལ་དེ་ལྟར་བྱས་པའི་དཔར་རྩའི་མ་ཡིག་གི་དབུ་ཅན་ཡིག་གཟུགས་ལེགས་པོ་མི་ཡོང་བའི་གནད་འགག་ཐུག་ས་ནི། གོང་གསལ་དབུ་ཅན་གྱི་སྨྱུ་གུའི་གསེགས་ཁ་འདོན་ཕྱོགས་འབྲི་བ་པོའི་གཡོན་ངོས་སུ་བཅད་གཏུབས་བྱས་ཏེ་བྲིས་སྐབས་དེང་རབས་ཀྱི་སྨྱུ་གུ་ཕུ་འདྲེན་གྱིས་ཡི་གེ་བྲིས་པ་ལྟར་ལག་པའི་མཐེབ་མཛུབ་གཉིས་ཀྱིས་སྨྱུ་གུར་ཁ་ལོ་གང་ཡང་སྒྱུར་མ་དགོས་པར་སྟབས་གང་བདེར་བྲིས་ཆོག་པ་དེའི་སྐྱོན་ཡིན་ཅིང༌། དཔར་རྩའི་མ་ཡིག་གོ་ཆོད་ངེས་ཀྱི་དབུ་ཅན་ཚད་ལྡན་གྱི་ལག་རྩལ་ནི་དེང་རབས་སྙེ་མོའི་ཡིག་མཁན་བགྲེས་གྲས་རྣམས་ཀྱི་ལག་རྒྱུན་དུ་ཡོད་པ་ལྟར། སྨྱུ་གུའི་གསེགས་ཁ་ཡི་གེ་དབུ་མེད་དང་གཅིག་མཚུངས་འབྲི་བ་པོའི་གཡས་ངོས་སུ་གཅོད་གཏུབས་བྱས་ཐོག་དངོས་གཞི་དབུ་ཅན་གྱི་ཡིག་གཟུགས་མགོ་དང༌། སྦོ། མིག རྐང་བཅས་གང་ལ་གང་དགོས་ལག་པའི་མཐེབ་མཛུབ་གཉིས་ཀྱིས་སྨྱུ་གུའི་ཁ་ལོ་སྒྱུར་སྟངས་ཀྱི་ལག་རྩལ་སྦྱང་གོམས་ཐོན་པ་ཞིག་དགོས་ཤིང༌། ལག་ལེན་དེ་བཞིར་བཟུང་ནས་བྲིས་པའི་དབུ་ཅན་གྱི་ཡིག་གཟུགས་ལེགས་པ་མ་ཟད། དཔར་སྐྲུན་གྱི་མ་ཡིག་བྱས་ནས་དཔར་ཤིང་ཐོག་བརྐོས་ན་ཡིག་འབྲུ་རྣམས་རྒྱུན་རིང་བར་གོག་སྐྱོན་མི་ཡོང་བ་བཅས་ཀྱི་དགེ་མཚན་ཆེན་པོ་ཡོད།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་སྐད་ཡིག་དང་སློབ་གསོའི་ནང་ནས་བཏུས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||