ཁྲག་ཤེད།

ཁྲག་ཤེད།

ཁྲག་ཤེད་ཀྱི་ནད་ནི་དོན་སྙིང་ལ་གནས་པའི་ཁྱབ་བྱེད་ཀྱི་རླུང་གི་བྱེད་ལས་ལ་ཕྱི་རྐྱེན་སྣ་ཚོགས་ཀྱིས་གནོན་ཤུགས་ཆེ་བའམ་མཐོ་དྲགས་རྐྱེན་སྙིང་གི་ཁྲག་དང་རླུང་གཉིས་འཕེལ་བའམ། ཟད་པ། ཡང་ན་འཁྲུགས་ནས་ནད་དུ་གྱུར་པ་ཞིག་སྟེ་དུས་ཐོག་སྨན་བཅོས་མ་བྱས་ཚེ་ཀླད་པའི་ཁྲག་རྩ་དང༌། སྙིང༌། མཁལ་མ་སོགས་ལའང་གནོད་སྐྱོན་གཏོང་སྲིད་པའི་ནད་ཛ་དྲག་ཅན་ཞིག་རེད། ནད་འདིའི་རྒྱུ་རྐྱེན་ནི་ལུས་ཀྱི་རླུང་དང་ཁྲག་གཉིས་ཏེ་དེ་ཡང་ཁ་ཟས་དུས་ཐོག་མ་བྱུང་བ་དང༌། ཉིན་མཚན་མང་པོར་གཉིད་ཆག་པ། རླུང་བསེར་བུས་བུས་པ། གཏམ་མང་དུ་སྨྲས་དྲགས་པ། མྱ་ངན་དང་སྡུག་བསྔལ་དྲག་པོ་བྱུང་བ། སེམས་ལ་ཞེ་སྡང་ང་རྒྱལ་ཁོང་ཁྲོ་དང་མི་འདོད་པའི་གཏམ་མང་དུ་ཐོས་པ། ཆར་རླུང་གྲང་བའི་གནས་སུ་བསྡད་དྲགས་པ༑ ཇ་གར་པོ་དང༌། ར་ཕག་གི་ཤ་སོགས་ནུས་པ་བསིལ་ཡང་རྩུབ་པའི་ཁ་ཟས་བསྟེན་དྲགས་པ་སོགས་ཀྱིས་རླུང་ཤས་ཆེ་བའི་སྟོད་འཚངས་དང༌། ལུས་སེམས་འཁྲུགས་པའི་སྒོ་གསུམ་གྱི་བྱ་བ་བྱས་དྲགས་པ་དང༌། མེ་དང་ཉི་མས་དྲོས་དྲགས་པ། ཆང་རག་དང༌། ཤ་ཁུ། རུས་ཐང༌། ཤ་ཚིལ་ཅན་སོགས་དྲོད་བཅུད་ལྡན་པའི་ཁ་ཟས་བསྟེན་དྲགས་པའི་རྐྱེན་གྱིས་ཁྲག་ཤས་ཆེ་བའི་སྟོད་འཚངས་འབྱུང་བར་འདོད། ནད་འདིས་ཟིན་ཡོད་མེད་ཀྱི་རྟགས་ཇི་ཡོད་དམ་སྙམ་ན། ནད་འདི་གསར་དུ་འཇུག་སྐབས་འགའ་ཤས་ལ་ནད་རྟགས་མངོན་ཚུལ་གང་ཡང་མེད་པ་ཡོང་སྲིད། འོན་ཀྱང་ཕལ་ཆེ་བར་སྔ་དྲོ་མགོ་ལྷང་ལྷང་ན་བ། ལྟག་རྩ་གཟེར་བ། གཉིད་མི་ཁུག་པའམ་ཐོ་རངས་གཉིད་མི་འགྲོ་བ། དྲན་ཤེས་ཉམས་པ། རྣ་བ་འུར་བ། སོ་དང་མུར་འགྲམ་ལྷང་ལྷང་ན་བ། སྲིན་ལག་སྦྲིད་པ། སེམས་མི་སྐྱིད་པ། ཐང་ཆད་པ་སོགས་ཀྱི་མངོན་ཚུལ་ཡོང་གི་ཡོད་པས་དེའི་སྐབས་སུ་ལྷོད་ཡངས་སུ་མ་ཤོར་བར་བརྟག་དཔྱད་དང་སྨན་བཅོས་ཟས་སྤྱོད་ཀྱི་སྔོན་འགོག་ཚགས་ཚུད་བྱེད་དགོས། དུས་ཐོག་སྨན་བཅོས་མ་བྱུང་བར་ནད་གཞི་ལྕི་ལ་ཛ་དྲག་གི་གནས་ཚུལ་ཆགས་སྐབས་མགོ་གཟེར་དྲག་པོ་རྒྱག་པ་དང༌། བཟི་ཁྱོམ་ལངས་པ། སྙིང་དྲག་ཏུ་གཟེར་བའམ་གཡུག་པ། དབུགས་བསགས་པའམ་གཏོང་ལེན་དཀའ་བ། བྲང་བསྡམས་པ། རོ་སྟོད་བརྒྱངས་པ། མིག་རབ་རིབ་བྱེད་པ། ངོ་གདོང་དང་རྐང་བོལ་སྐྲངས་པ། ཤ་དྲོད་ཆེ་ལ་རྔུལ་བ། དྲན་མེད་དུ་བརྒྱལ་བ། སྐྱུག་པ་ཤོར་བ། སེམས་མི་སྐྱིད་པ། དོན་མེད་ཁོང་ཁྲོ་ལངས་པ་སོགས་ཀྱི་མངོན་ཚུལ་ཡོང་གི་ཡོད། སྤྱི་སྲོལ་སྨན་ལུགས་ལྟར་བྱས་ན་ལོ་ན་༡༨ ཡན་གྱི་མི་ལ་ཁྲག་ཤེད་བརྟག་དཔྱད་བྱེད་སྐབས་མཐོ་ཚད་དེ་༡༠༠ ནས་༡༢༠ བར་དང༌། འོག་གི་ཚད་དེ་༨༠ བར་ཡིན་ན་ཐ་མལ་ནད་མེད་རྒྱུན་གཏན་དུ་རྩི་ཡི་ཡོད། དེ་ལས་བརྒལ་ནས་སྟེང་གི་ཚད་དེ་༡༠༠ སྟེང་དུ་རང་ཉིད་ཀྱི་ལོ་ཚད་ལས་བརྒལ་བའམ་༡༨༠ བརྒལ་བ། འོག་གི་ཚད་དེ་༡༡༠ ལས་བརྒལ་ན་ཤིན་ཏུ་ཉེན་ཚབས་ཆེ་བས་གློ་བུར་སྨན་བཅོས་དང་ཟས་སྤྱོད་ཀྱི་འཛེམས་བྱ་ངེས་པར་དུ་བྱེད་དགོས། དེ་ལྟར་མ་བྱས་ཚེ་གྲིབ་སྐྱོན་དང༌། སྙིང་གཟེར་གྱི་ནད། མཁལ་མ་ལ་སྐྱོན་ཤོར་ནས་ཆུ་གསོག་པ་སོགས་ཉེན་ཚབས་ཤིན་ཏུ་ཆེ་བས་གཟབ་ནན་བྱེད་དགོས། སྔོན་འགོག་ནི་གོང་དུ་བཤད་པའི་ནད་འདིའི་སློང་རྐྱེན་རྣམས་འཛེམས་ཐབས་བྱེད་རྒྱུ་དང༌། མི་ཚེའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བཅོས། ཁ་ཟས་སུ་ཚྭ་ཤུགས་ཆེན་པོ་དང༌། ཕག་ཤ། ར་ཤ། བྱ་ཤ་སོགས་ཤ་རིགས་ཞག་ཚིལ་ཅན་མིན་པར་གཙང་ཟས་དང་ཚལ་རིགས་ལ་སྤྱོད་དགོས། ལུས་ཀྱི་ལྗིད་ཚད་རྒྱུན་གཏན་ལས་ཆེ་མི་དྲགས་པ། སེམས་ལས་དྲག་པོ་མེད་པ། སྙིང་གི་བྱེད་ལས་ཉམས་ཞན་དུ་མི་འགྲོ་བའི་ཐབས་སུ་ཉིན་ལྟར་ལུས་སྦྱོང་དང་རྒྱུག་རྩལ་སོགས་བྱེད་དགོས། མདོར་ན་རང་ཉིད་ཀྱི་ནད་དེ་ཁྲག་ཤས་ཆེ་བའི་སྟོད་འཚངས་དང༌། རླུང་ཤས་ཆེ་བའི་སྟོད་འཚངས་གང་ཡིན་སྨན་པས་བརྟག་དཔྱད་ཀྱིས་ངོ་སྤྲོད་དང་ཟས་སྤྱོད་ཀྱི་སློབ་སྟོན་སྨན་བཅོས་བཅས་གནང་བ་བཞིན་ལག་བསྟར་གནང་དགོས་པ་གལ་གནད་ཤིན་ཏུ་ཆེའོ།།

བོད་གཞུང་སྨན་རྩིས་ཁང་གི་སྨན་རམས་པ་ཟླ་བ་སྒྲོལ་མ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 16

Leave a Reply