མཛངས་མའི་རྐྱལ་གོས་འགྲན་སྡུར།

གསར་འགོད་པས་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་དམིགས་ཡུལ་དང། རྒྱལ་ཁ་ཐོབ་ན་དམིགས་ཡུལ་གང་ཡོད། རྐྱལ་གོས་འགྲན་སྡུར་བོད་པའི་ལུགས་སྲོལ་དང་མི་མཐུན་མཁན་བརྗོད་མཁན་ཡོད་པས་དེའི་ཐོག་དགོངས་ཚུལ་གང་ཡོད་སྐོར་དྲིས་པར།
   དྷ་རམ་ས་ལ་ནས་ཡིན་པའི་བསྟན་འཛིན་ཆོས་འཛོམས་ཀྱིས་གསུང་དོན། དང་ཐོག་ང་ལོ་༡༦ ཡིན་དུས་མཛངས་མའི་འགྲན་སྡུར་ནང་ཞུགས་རྒྱུའི་སྙན་ཞུ་ཕུལ་བ་ཡིན་མོད། དེའི་སྐབས་ལོ་ཆུང་དྲགས་ཟེར་ནས་ཞུགས་མ་ཐུབ་པ་རེད། ད་ཐེངས་འཛུལ་ཞུགས་ཐུབ་པ་རེད། གལ་སྲིད་ང་ལ་རྒྱལ་ཁ་ཐོབ་ན་དགའ་པོ་བྱུང་ས་རེད། ཕྱོགས་གཅིག་ནས་བོད་པའི་བུ་མོ་འཛུལ་ཞུགས་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། ང་འཛུལ་ཞུགས་བྱེད་ཐུབ་པ་མ་ཟད། རྒྱལ་ཁ་ཐོབ་ན་བོད་གཞུང་དང། དམིགས་བསལ་གྱྀས་མི་སྐྱོ་པོའི་རིགས་ལ་རོགས་སྐྱོར་བྱེད་ཐུབ་ན་བསམ་བསྡད་ཡོད།
    རྐྱལ་གོས་གྱོན་རྒྱུའི་ལུགས་སྲོལ་བོད་པ་ལ་ཡོད་པ་མ་རེད། བོད་པའི་བུད་མེད་ངོ་ཚ་སྨིན་པོ་རེད། གོ་སྐབས་འདི་ཡག་པོ་རེད། གོ་སྐབས་བཟང་པོ་བློས་བཏང་ན་མི་ཚེའི་ནང་གང་ཡང་བྱེད་ཐུབ་ཀྱི་མ་རེད། དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ན་རྗེས་སུ་གྲུབ་འབྲས་ཡག་པོ་ཐོན་གྱི་རེད་བསམ་གྱི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
    བསྟན་འཛིན་ཆོས་འཛོམས་ནི་རང་ལོ་༢༠ དང། ས་གནས་དྷ་རམ་ས་ལ་དང༌། ད་ལྟ་འཛིན་གྲྭ་བཅུ་གཉིས་ཐོན་ཚར་ཙམ་རེད།

དྷེ་ར་དྷུན་ནས་ཡིན་པ་སྒྲོལ་དཀར་གྱིས་གསུང་དོན། བོད་ཀྱི་བུད་མེད་ཚོ་ངོ་ཚ་སྨིན་པོ་རེད། འདི་ནི་བོད་ཀྱི་གཞོན་ནུ་མ་ཚོར་གོ་སྐབས་ཡག་པོ་ཞིག་རེད། དེ་སྣང་བར་མི་འགྲོ་མཁན་ཡོད་པ་རེད་ལ། སྣང་བར་འགྲོ་མཁན་ཡོད་པ་རེད། སྣང་བར་མི་འགྲོ་མཁན་ཚོར་ཁོང་ཚོའི་བསམ་ཚུལ་ལ་གུས་ཞབས་ཡོད། ང་ཚོར་རང་བཙན་ཡོད་པ་མ་རེད། ལོ་ལྔ་བཅུར་སྐྱབས་བཅོལ་ནང་དུ་བསྡད་པ་རེད། སོ་སོའི་ལུང་པའི་དོན་དག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག གལ་སྲིད་མཛངས་མའི་འགྲན་སྡུར་གྱི་རྒྱལ་ཁ་ང་ལ་ཐོབ་ན། ང་རང་འདིར་ལངས་དགོས་པ་དེའི་དོན་དག་འགྲུབ་པ་རེད། སོ་སོའི་རང་དོན་བཞག་ནས། བོད་རང་བཙན་ལེན་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡིན་ཞེས་ལན་འདེབས་གནང་ཡོད་པ་རེད།
དྷེ་ར་དྷུན་ནས་ཡིན་པའི་སྒྲོལ་དཀར་ནི་རང་ལོ་༢༤ དང༌། B.comདང་མཉེན་ཆས་འཆར་འགོད་ཀྱི་སློབ་སྦྱོང་ཐོན་པ་ཞིག་རེད།

    བྷིར་ནས་ཡིན་པའི་ཡེ་ཤེས་ལྷ་མོས་གསུང་དོན། མཛངས་མའི་འགྲན་སྡུར་གྱི་རྒྱལ་ཁ་ཐོབ་ན། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་དང། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་དམིགས་བསལ་གྱིས་ལས་དོན་བྱེད་ཐུབ་པ་བྱེད་ཀྱི་ཡིན། བོད་ཀྱི་བུད་མེད་ཚོ་མཛངས་མིའི་འགྲན་སྡུར་ནང་ཞུགས་ན་ཡག་པོ་འདུག གསར་པ་མང་པོ་ཞིག་ཤེས་ཀྱི་འདུག ཐོབ་མ་ཐོབ་གནས་སྟངས་ལོག་ཀ་ཞིག་རེད། དེའི་ནང་འཛུལ་ཞུགས་བྱས་པས་འགྱོད་པ་དགོས་དོན་མི་འདུག་ཅེས་ལན་འདེབས་གནང་ཡོད་པ་རེད།
བྷིར་ནས་ཡེ་ཤེས་ལྷ་མོ་ནི་ལོ་༢༤ དང། སྨན་ཞབས་ཀྱི་སློབ་སྦྱོང་ཐོན་པ་དང༌། ད་ལྟ་ལྡི་ལི་རུ་སྨན་ཞབས་ཀྱི་ལས་ཀ་བྱེད་བཞིན་པ་རེད།

    དྷར་རྗེ་གླིང་ནས་ཡིན་པའི་ངག་དབང་ཆོས་དབྱིངས་ཀྱིས་གསུང་དོན། ངས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། དང་ཐོག་འཛུལ་ཞུགས་བྱེད་རྒྱུའི་དམིགས་ཡུལ་མེད་མོད། ངའི་ཨ་ཅག་ལགས་ཀྱིས་འཛུལ་ཞུགས་བྱེད་དགོས་པའི་ལམ་སྟོན་བྱས་སོང། དེར་བརྟེན་འདིར་ཡོང་བ་ཡིན། ད་ཐེངས་རྒྱལ་ཁ་ཐོབ་ནའང། དམིགས་ཡུལ་དམ་བཅའ་ཆེན་པོ་མེད། ངས་ད་ལྟ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད་ལ་ང་རང་གི་མི་ཚེའི་སྐོར་ལ་བསམ་བློ་གཏོང་དགོས་པ་རེད། བོད་གཞུང་ལ་རོགས་རམ་གང་ཐུབ་བྱེད་ཀྱི་ཡིན་ཞེས་ལན་འདེབས་གནང་ཡོད་པ་རེད།
ངག་དབང་ཆོས་དབྱིངས་ནི་ལོ་༡༨ དང། ས་གནས་དྷར་རྗེ་གླིང་དང༌། ད་ལྟ་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་མ།

    
    
    
 V#⁽1400⁾

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1

Leave a Reply