ཧི་མ་ལ་ཡའི་རིགས་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

ཡུལ་གྱི་ཆགས་སྟངས་ནི། སྤི་ཏི་ཡུལ་གྲུ་མང་ཆེ་བ་ཧི་མ་ལ་ཡའི་རི་བོ་ཆེན་པོ་ག་གེ་མོའི་གཞུང་ཆེན་ནང་དུ་སྤི་ཏིའི་གཙང་པོ་ཞེས་པའི་འབབ་རྒྱུན་གྱི་གཡས་གཡོན་ནས་རིམ་རྒྱུད་དུ་གནས་ཡོད་པ་དང༌། གོ་མིག་དང༌། ཡིད་ཁྱི། ལང་རྫ་ལ་སོགས་པ་ཡུལ་ཉུང་ཤས་ཤིག་སྤི་ཏི་གཙང་པོའི་གཡས་གཡོན་ལ་མོའི་རྩེ་རྒྱབ་ཏུའང་གནས་ཡོད་པ་རེད། དེ་ཡང༌། སྤི་ཏི་གཙང་པོ་ནི་ཡུལ་མང་པོ་ནས་ཆུ་ཕྲན་ཆུང་ཆུང་མང་དག་ཅིག་འབབ་ཅིང་འདུས་པའི་གཙང་པོ་ཞིག་ཡིན་པ་ལས། སྤི་ཏི་གཙང་པོའི་འབྱུང་ཁུངས་མཚོ་དང་མཚེའུ་ཨ་མའམ་ལྟེ་གནས་ཆེ་ཤོས་ཀྱི་མཚོ་ཕུགས་འཚོལ་རྒྱུ་ཡོད་པར་མི་སྣང་ཞིང༌། དེ་ཡང་དཀྱིལ་གྲོང་དང༌། སུམ་གླིང༌། རང་རིག དཀར་མཛེས་གྲོང་ཚོ་སོགས་ས་ཕྱོགས་རི་ཀླུང་གཡས་གཡོན་ཚང་མ་ནས་ཆུ་དང་ཆུ་ཕྲན་མང་དག་འདུས་བསྡོམས་བྱས་ཏེ་སྤི་ཏི་གཙང་པོ་ཞེས་པའི་མིང་བྱང་ཐོད་ཏུ་བཅིངས་ནས་རྒྱང་རིང་དུ་བཞུད་ཀྱི་ཡོད་ཚོད་རེད་འདུག དཔེར་ན། རང་རིག་ནས་འབབ་པའི་ཆུ་ཕྲན་དང༌། དཀྱིལ་བར་ཕྱོགས་ནས་འབབ་པའི་ཆུ་ཕྲན། རྒྱུན་ཏི་ནས་འབབ་པའི་ཆུ་ཕྲན། གཉུག་ལུང་ནས་འབབ་པའི་ཆུ་ཕྲན། བློ་གསར་ནས་འབབ་པའི་ཆུ་ཕྲན་སོགས་རི་ཁུག་མང་པོ་ནས་འབབ་པའི་ཆུ་ཕྲན་དེ་དག་ཆེ་ཆུང་ལའང་ཕལ་ཆེར་འདྲ་ཞིང་མཉམ་ལ། གང་ལྟར་སྤི་ཏི་གཙང་པོ་ནི་ཆུ་ཕྲན་གྱི་རྩ་ལག་ཕྱོགས་འདུས་བྱུང་བའི་ཆུ་བོ་ཞིག་རེད་འདུག སྤི་ཏི་གཙང་པོ་ནི་མི་རིང་བར་གཤམ་དུ་ཁ་འབབ་གྲོང་ཚོ་དང་ཉེ་ཕྱོགས་ནས་གླང་ཆེན་ཁ་འབབ་དང་མཉམ་འདྲེས་ཀྱིས་ལང་ལོང་དང་གསུང་སྙན་དར་དིར་དུ་སྒྲོག་བཞིན་ལ་ཀླུང་དུ་མའི་འཕྲང་ལམ་འཕྲེད་དུ་བཅད་དེ་རྒྱང་རིང་གི་ཐང་ཆེན་ན་རྒྱུ་བ་དངོས་སུ་མཐོང་མྱོང་ཡོད། ཨེ་མ། ཆུ་བོ་འདི་ལྟ་བུ་ནི་བཞུད་ལམ་རྩུབ་ཅིང་དོག་ལ། གྱ་གྱུར་ཆེ་བའི་ལམ་ཐག་རིང་པོ་འདི་དག་ཚང་མ་སྦྲུལ་མདུད་ཞིག་པ་ལྟར་བདེ་བླག་གི་ངང་ནས་ཕ་རོལ་ཏུ་རྒལ་ཅིང་ལྷོད་མེར་རྒྱུ་བ་འདི་ཡིས། གདོང་དམར་བའི་རིགས་རྒྱུད་ཀྱིས་དཀའ་སྡུག་གི་འཕྲང་ལམ་ཡོད་ཚད་ཁྱད་དུ་བསད་དེ། འོད་ཞགས་ཀྱིས་ཡོངས་སུ་འཚུབ་པའི་མ་འོངས་ཕུགས་བསམ་གྱི་ཐང་ཆེན་ལ་བགྲོད་ཐུབ་པའི་མཚོན་རྟགས་ཤིག་ལོས་ཡིན་སྙམ་པའི་སེམས་ངོར་ཚོར་སྣང་ཞིག་དབང་མེད་དུ་རྒོད།
སྐབས་འདིར། དཀར་མཛེས་དགྲ་ལྷ་དར་རྒྱས་ད་ལྟ་ག་ཤ་དང་སྤི་ཏི་རྫོང་གི་ཀོང་རེ་སིའི་ཚོགས་གཞོན། Mr. Dablha Dargye, Ex. Member, national saving state advisory board (H.P) Ex. Member Zila Perished Distt. Lahaul & Spiti (H.P)ལགས་ཀྱི་གསུངས་དོན་ལ། སྤི་ཏིའི་ས་ཆ་ཀུན་འཛོམས་ལ་རྒྱབ་ཏུ་མཚོ་གཅིག་མ་ཞེས་པ་ཞིག་ཡོད་ཅིང༌། ཕྱི་ལོ་ ༡༩༩༦ ལོར་རྟ་ཕོ་དགོན་དུ་དུས་འཁོར་དབང་ཆེན་གནང་བའི་སྐབས་སུ་རྒྱལ་དབང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་མཚོག་གཅིག་མོའི་མཚོ་སྣེ་གཟིགས་ཙམ་ལ་ཆེད་ཕེབས་ཀྱིས་བསང་གསོལ་གནང་ཞིང༌། སྐབས་དེར་སྤི་ཏི་ཡུལ་མི་རྣམས་ཀྱིས་དགའ་གུས་སྤྲོ་གསུམ་གྱིས་གླུ་གཞས་ཞབས་བྲོ་སྣ་མང་གྲ་སྒྲིག་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང༌། ཕྱི་ལོ་ ༢༠༠༠ ལོར་དཀྱིལ་དགོན་པར་དུས་འཁོར་དབང་ཆེན་གནང་དུས་ལའང་གྲ་སྒྲིག་མེད་པར་སླར་ཡང་ྋགོང་ས་མཆོག་ཀུན་འཛོམས་ལ་ཕྱོགས་སུ་གནས་གཟིགས་ཆེད་ཕེབས་ཀྱིས་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེན་གནང་ཡོད་པས། གང་ལྟར་ཀུན་འཛོམས་ཕྱོགས་སུ་གནས་རྩ་ཆེན་ཞིག་ཡོད་ཚོད་སྣང་ཞེས་གསུངས་བྱུང༌།
སྤི་ཏིའི་མཚོ་གཅིག་མ་དེ་ཉིད་ཀུན་འཛོམས་ལ་རྒྱབ་ག་ཤའི་ཕྱོགས་སུ་ཡོད་ཅིང༌། དེ་ནས་བབས་པའི་ཆུ་བོ་ནི་ག་ཤའི་རྒྱུད་ནས་པཱ་ཀི་སི་ཐན་ཕྱོགས་སུ་རྒྱུ། དགྲ་ལྷ་དར་རྒྱས་ལགས་ཀྱིས་གསུངས་དོན་ལ། ཀུན་འཛོམས་ལ་ནས་སྤི་ཏིའི་ཕྱོགས་སུ་ལེ་དབར་གསུམ་ཙམ་(3 km)གྱི་བར་ཐག་ན་གྲོག་པོ་(སྒྲ་གདངས་ལ་གྲོག་པོ་དམར་པོ་དང་གྲོག་པོ་ནག་པོ་ཞེས་དོན་ཞིང༌། ནང་དོན་ནི་རྒྱུན་དུ་གཏན་བབ་མེད་ཀྱང་གངས་ཆུ་ཞུ་སྐབས་དུས་དུས་སུ་འབབ་པའི་ཆུ་ཕྲན་ལ་གོ་བ་དང༌། དེ་ཡང༌། གྲོག་པོ་དམར་པོ་ནི། དུས་སུ་འབབ་པའི་ཆུ་ཕྲན་བཞུད་ལམ་ན་བཙག་དང་འདྲེས་ཏེ་འབབ་ཆུ་དམར་པོ་འགྱུར་གྱི་ཡོད་པ་དང༌། གྲོག་པོ་ནག་པོ་ཡང་བཞུད་ལམ་ན་རྡོ་ཐལ་ནག་པོ་དང་འདྲེས་ནས་འབབ་ཀྱི་ཡོད་པས་དེ་ལྟར་བརྗོད་ལུགས་འགྲེལ།)དམར་པོ་ཟེར་བ་ཞིག་དང༌། གྲོག་པོ་དམར་པོ་ནས་སྤི་ཏིའི་ཕྱོགས་སུ་ལེ་དབར་བཞི་(4 km)ཙམ་དང་ཁད་ཉེ་བ་ཞིག་ན་གྲོག་པོ་ནག་པོ་ཞེས་པའི་རི་ངོས་ནས་དུས་སུ་འབབ་པའི་ཆུ་དམར་ནག་གཉིས་ཡོད་ཅིང༌། གྲོག་པོ་དམར་པོའི་ཕྱོགས་སུ་ལོ་ཤས་སྔོན་ན་གནས་ཆུང་གི་སྐུ་བརྙན་ཡོད་པའི་ལྷ་ཁང་ཞིག་ཀྱང་བཞེངས་ཡོད་ལུགས་གསུངས་བྱུང༌།
ཡང་ཁོང་གིས་གསུངས་དོན་ལ། ཀུན་འཛོམས་ལ་དང་ཁད་ཉེ་བའི་ཕྱོགས་དེར་མདའ་གཟེར་ཕུག་པ་ཟེར་བ་ཞིག་ཡོད་འདུག་ན། དེ་ནི་སྔོན་མ་བྱང་པ་ཞིག་ར་ལུག་འཚོ་བར་ཡོང་དུས་ཁ་བས་འགག་སྟེ་ཕུག་པ་དེའི་ནང་དུ་ཟླ་བ་གཉིས་གསུམ་ཙམ་ལ་ལུས་སོང་ནའང༌། རྗེས་སུ་སྲོག་སྐྱོན་མ་བྱུང་བར་ཡུལ་དུ་ལོག་རྒྱུ་བྱུང་ཡོད་སྟབས། བྱང་པ་དེས་ཕུག་པའི་ནང་དུ་ཁ་དྲོ་དྲན་གསོའི་ཕྱིར་དུ་ཕུག་པའི་བྲག་ལ་མདའ་ཞིག་གཟེར་ནས་བཞག་ཡོད་ཅིང༌། དེའི་རྗེས་སུ་ཕུག་པ་དེ་ལ་མདའ་གཟེར་ཕུག་པ་ཞེས་མིང་དུ་ཐོགས་སོང་བ་རེད་ཅེས་གསུངས་བྱུང༌།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
སྤི་ཏི་ནས། ངག་དབང་བྱམས་པས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||