ཧི་མ་ལ་ཡའི་རིགས་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

ཕྱི་ལོ་ ༡༩༨༤ ལོ་ཙམ་ནས་ཁོང་གིས་གོང་བརྗོད་སྔོན་དུས་ཕྱོགས་མཐའི་ཚོང་པ་མང་པོ་འདུས་པའི་ལུགས་སྲོལ་བཟང་པོ་ཡོད་པ་དེ་དག་དྲན་གསོའི་ཕྱིར་དུ་ཁྲོམ་ར་ཞིག་གསར་འཛུགས་སྐྱར་གསོ་བྱས། ཁྲོམ་ར་དེ་ཉིད་སྔོན་མ་ལྟར་ལ་དར་རྩེའི་རྒྱབ་ཕྱོགས་སྤང་ལྗོངས་དེར་གོ་སྒྲིག་བྱས་ན་འགྲོ་ལམ་སོགས་ཀྱིས་མི་ཚོགས་འདུ་འཛོམས་དཀའ་ན། གོང་འཁོད་ལོ་ཚིགས་དེ་ནས་བཟུང་སྟེ་ལོ་རྟག་པར་ཕྱི་ཟླ་བརྒྱད་པའི་ཕྱི་ཚེས་བཅུ་བདུན་ནས་བཅུ་དགུ་བར་སྤི་ཏིའི་ཡུལ་གྲོང་ལྟེ་གནས་དཀར་མཛེས་གྲོང་ཚོར་མི་མང་འདུ་འཛོམས་ཀྱི་ཁྲོམ་ར་ཆེན་པོ་ཞིག་ལུགས་སྲོལ་གསར་གཏོད་ཀྱིས་དེ་བཞིན་ལོ་ལྟར་ཚོང་ར་འདུ་འཛོམས་མེ་ལ་ཚུགས་མུས་ཡིན་ཞེས་གསུངས།
    སྤི་ཏི་སོགས་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་རྩ་བའི་ཕ་མའི་སྐད་ཡིག་ནི་བྷོ་ཊི་ཡིན་པར་སེམས། དེ་ཡང༌། <<རྒྱལ་ཁབ་ཀྱི་ཤེས་ཡོན་འཆར་གཞི་དང༌། བོད་ཡིག་བྷོ་ཊི་སྐོར།>>ཞེས་ཀླད་བྱང་ལ་འཁོད་པའི་དཔེ་དེབ་ཀྱི་ནང་དུ་བླ་མ་ཆོས་འཕེལ་བཟོད་པ་མཆོག་གིས་འདི་བཞིན་གསུངས་ཡོད་དེ། རང་རེ་མོན་ནས་ལ་དྭགས་བར་ཧི་མ་ལ་ཡིའི་ལྗོངས་སུ། ཐོག་མར་འགྲོ་བ་མི་ཆགས་པ་ནས་བཟུང་དར་བའི་སྐད་ནི། ང་དང་ཁྱོད་ཞེས་པའི་སྐད་དང༌། ཡི་གེ་འབྲི་སྲོལ་བྱུང་བ་ནས་བཟུང་དར་བའི་ཡི་གེ་ནི། ཀ་ཁ་ག་ང་ཞེས་པའི་བོད་ཡིག་གམ་བྷོ་ཊི་སྐད་ཡིག་ཅེས་འཛམ་གླིང་ནང་ཡོངས་སུ་གྲགས་ཆེ་ཞིང༌། རང་རེ་ཧི་མ་ལ་ཡ་པ་རྣམས་ཀྱི་སྐད་ཡིག་ངོ་མ་དང༌། རྩ་བའི་ཕ་མའི་སྐད་ཡིག་ཡིན་ཞེས་གསུངས་འདུག ཧི་མ་ལ་ཡའི་མི་རིགས་ཀྱི་སྐད་ཡིག་ལ་བྷོ་ཊི་ཞེས་མིང་ཐོགས་དོན་ནི། བླ་མ་ཆོས་འཕེལ་བཟང་པོ་མཆོག་གིས། སྐད་ཡིག་འདི་ལ་མིང་གི་རྣམ་གྲགས་འགའ་ཞིག་ཡོད་པ་ནི། མོན་ཡིག ལྷོ་ཡིག འབྲས་ལྗོངས། ལེབ་ཅ། འབོ་ཌི། ཁུ་ནུ། སྤི་ཏི། གར་ཞྭ། བྷོ་དྷི། ལ་དྭགས། བལ་ཏི། ཟངས་དཀར། བྷོ་ཊི། བོད་ཡིག་ཅེས་པ་ནི། ཐོག་མར་ཡུལ་ལུང་དེ་དང་དེ་དག་ཏུ་དར་ཁྱབ་ཆེ་བས། ཡུལ་སོ་སོའི་མིང་སྦྱར་ནས་སྐད་ཡིག་ལ་བཏགས་པ་ཡིན་ལ། བོད་ཡིག་གམ་བྷོ་ཊི་ཞེས་པ་ཡི་གེ་འདི་ཐོག་མར་མཛད་པ་པོའི་མཚན་སྦྱར་ནས་སྐད་ཡིག་ལ་བཏགས་པ་ཡིན་ཞེས་གསུངས་འདུག ཡང་ཁོང་གིས། ཧི་མ་ལ་ཡའི་རིགས་རྒྱུད་ཚང་མས་བྷོ་ཊི་སྐད་ཡིག་གཙིགས་འཛིན་གྱིས་སྦྱང་དགོས་པའི་སྐུལ་མ་འདི་བཞིན་གནང་འདུག་སྟེ། རྒྱལ་ཁབ་ཡུལ་ལུང་གང་འདྲ་ཞིག་ཡིན་ཀྱང༌། ཐོག་མར་རང་རང་གི་ཕ་མའི་སྐད་ཡིག་ལ་སྦྱངས་པ་བྱས། དེ་ནས་རྒྱལ་ཁབ་དང༌། འཛམ་གླིང་སྤྱི་ལ་ཁྱབ་པའི་སྐད་ཡིག་སོགས་ལ་སྦྱངས་པ་མཛད་ན། སྤྱི་ཚོགས་ནང་མཐོང་ཆེ་ཞིང་གཟི་བརྗིད་ཤིན་ཏུ་ཆེ་ཞེས་གསུངས་འདུག ཐེངས་ཤིག་ངས་རང་རིག་མུན་སེལ་གླིང་སློབ་གྲྭའི་ནང་དུ། ཕ་སྐད་མི་ཤེས་གཞན་གྱི་སྐད་ཡིག་དང༌། །རིག་གཞུང་ལ་སོགས་ཇི་ཙམ་མཁས་གྱུར་ཀྱང༌། །རྣ་མེད་པ་ལ་གསེར་རྣ་བཟོས་པ་ལྟར། །རྒྱན་དུ་མི་འགྱུར་མཚང་དུ་འགྱུར་བ་ཡིན། །ཞེས་སོགས་ཀྱི་སྒོ་ནས་རང་མི་རིགས་ཀྱི་སྐད་ཐོག་མར་སྦྱང་དགོས་པའི་ཀུན་སློང་སྤྲད་མྱོང་ཡོད་པ་དང་ཆེས་ཚིག་དོན་མཐུན་པོར་གྱུར་སོང་སྙམ། ད་དུང་གནས་ཚུལ་གཞན་གྱི་ཐོག་ནས་ཧི་མ་ལ་ཡའི་རིགས་རྒྱུད་རྣམས་ཀྱིས་བྷོ་ཊིའི་སྐད་ཡིག་སྦྱང་དགོས་དོན་ལ། བླ་མ་ཆོས་འཕེལ་བཟོད་པ་མཆོག་གིས། བྷོ་ཊི་འདིའི་ནང་རྒྱལ་བའི་བཀའ་འགྱུར་དང༌། དེའི་དགོངས་འགྲེལ་བསྟན་འགྱུར། བཅུ་ཕྲག་རིག་པའི་གནས་ལ་སོགས་པ་ས་སྟེང་ན། ཕྱི་ནང་གི་རིག་གནས་ཇི་སྙེད་ཅིག་ཡོད་པ་ཚང་ཞིང་ཕྱུག་པོ་དང༌། ཕུན་སུམ་ཚོགས་པའི་སྐད་ཡིག་ཡིན་པ་མཁས་པའི་ཁྲོད་ན་གྲགས་ཆེ། དེ་ལྟར་ན་རང་རེའི་ཧི་མ་ལ་ཡའི་ལྗོངས་སུ། བདེ་སྐྱིད་ཀྱི་རྩ་བ་ནི་ཆོས་དང་རིག་གཞུང་ལ་རག་ལས། ཆོས་དང་རིག་གཞུང་ཡར་རྒྱས་ཀྱི་རྩ་བ་ནི་བྷོ་ཊི་སྐད་ཡིག་ལ་རག་ལས། བྷོ་ཊི་ཡར་རྒྱས་ཀྱི་རྩ་བ་ནི་རྒན་གཞོན་ཚང་མས། སོ་སོའི་ཡུལ་དང༌། ནང་དུ་གསུང་གླེང་བཀའ་མོལ་ཕྱག་ལས་གང་ཡོད། རྒྱུན་དུ་སྐད་ཡིག་འདིའི་ཐོག་ནས་མཛད་རྒྱུ་དང༌། ན་གཞོན་རྣམས་ལ་སློབ་གྲྭའི་ནང་སྐད་ཡིག་འདིའི་ཐོག་ནས་མ་མཐའ་འཛིན་གྲྭ་བཅུ་པ་བར་སློབ་སྦྱོང་བྱེད་ཐུབ་པ་ཞིག་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཞེས་གསུངས་འདུག དེའི་ཐད་ལ་བསམ་གཞིག་ཅིག་བརྒྱུད་ན། རང་གི་རིག་གཞུང་དང༌། ཆོས་ལུགས། སྐད་ཡིག་ཅེས་ཀྱི་ཐོག་ཏུ་ཤ་ཞེན་གྱི་ཚོར་སྣང་ལྡན་པ་ཞིག་གིས། འདི་ཕྱོགས་ཡུལ་སྤི་ཏིའི་ཕྱོགས་སུ་དཔྱད་ཞིབ་འདྲ་བྱས་ན་རྣ་ཁུང་ནང་དུ་ཚ་ཤར་རྒྱག་དགོས་པའི་གནས་ལུགས་ཤིག་ཏུ་གྱུར་མེད་པ་མི་སྲིད་པ་མ་རེད། མ་གཞི་༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་དུས། ཧི་མ་ལ་ཡའི་རིགས་རྒྱུད་ལ་ཆབ་སྲིད་ཀྱི་གནོན་ཤུགས་དང་འཕོ་འགྱུར་གང་ཡང་བྱུང་མེད་ནའང༌། ཆོས་ལུགས་དང༌། སྐད་ཡིག ཡ་རབས་གོམས་གཤིས་སོགས་རང་མི་རིགས་ཀྱི་རིག་གཞུང་བཟང་པོ་དེ་དག་གི་ཐད་དུ་ཉམས་རྒུད་གང་ཡིན་ཆ་མི་འཚལ་བའི་གནས་ལུགས་ལྟ་བུ་འགྱུར་བ་ཆེན་པོ་ཞིག་ཕྱིན་མེད་དམ་སྙམ་པའི་ཚོར་སྣང་དབང་མེད་དུ་སྟེར་ཡོང༌།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
སྤི་ཏི་ནས། ངག་དབང་བྱམས་པས།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 14

Leave a Reply