ཧི་མ་ལ་ཡའི་རིགས་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

རྒྱུ་མཚན་དེས། ཡུལ་ལུང་ནི་གཅེས་པའི་ཡབ་ཡུམ་དང་བྲལ་བའི་དྭ་ཕྲུག་ལྟར། རང་གི་ཡབ་མེས་ཀྱི་ཆོས་ལུགས་ལ་ལྟ་སོ་ཞན་ལ། དེ་བཞིན་སྐད་ཡིག་དང༌། ཆས་གོས་སོགས་སྒོ་ཀུན་ཏུ་ནུབ་རིའི་རྩེ་ནས་བཞུད་ལ་ཉེ་བའི་ཉི་ཟེར་ལྟར་གྱུར། དཔེར་ན། གཅིག དགོན་སྡེ་ཁག་ཏུ་སྔོན་གྱི་ལུགས་སྲོལ་ལྟར། དགོན་འོག་གི་ཁྱིམ་ཚང་སོ་སོའི་བུ་ཕྲུག་ཆུང་བ་གང་ཡིན་པ་རང་ཁོངས་དགོན་པར་གྲྭ་པ་བཟོ་བའི་ལུགས་སྲོལ་འདུག་ཀྱང༌། གོང་བརྗོད་ལྟར་དགོན་པ་ཁག་ཏུ་ཆོ་ག་ཕྱག་ལེན་གྱི་འདོན་ཆོག་ལ་གལ་ཆེན་ལྟ་བུ་ལས། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་མཛད་པའི་ཕྱག་ལེན་ཆེས་ཕྲ་སོང་བས་མང་པོ་ཞིག་མི་ཚེ་སྟོང་ཟད་ཀྱི་རྣམ་ཐར་ལ་བུད་སོང༌། གཉིས། མི་མང་གི་བཀོལ་སྤྱོད་བྱེད་བཞིན་པའི་སྐད་ཡིག་ནི་བྷོ་ཊིའི་སྐད་ཡིག་ཡིན་ལུགས་བླ་མ་ཆོས་འཕེལ་བཟོད་པ་མཆོག་གིས་གསུངས་འདུག་ཀྱང༌། བར་སྐབས་ཤིག་ནས་ཧི་མ་ལ་ཡའི་ཡུལ་མི་མང་པོ་ཞིག་གིས། རྒྱ་གར་གཞུང་ལ་ང་ཚོའི་སྐད་ཡིག་ནི་ཧིན་དྷི་སྐད་ཡིག་ཡིན་ལུགས་བརྗོད་ཡོད་པ་རེད་ཅེས་སྤི་ཏི་བའི་གལ་ཆེན་མི་སྣ་འགའ་ཤས་ཀྱིས་ཚོར་སྣང་ཆེན་པོའི་ངང་ནས་འགྲེལ་བྱུང༌། དེས་ན། དེང་སང་སྤི་ཏི་ཡུལ་མི་ཕལ་ཆེ་བ་རང་གི་ཕ་སྐད་བཤད་པར་རང་རྐྱ་འཕེར་བ་དཀོན་དཀོན་ལ་གྱུར་སོང་སྟེ། དཔེར་ན། མི་གཉིས་གླེང་མོལ་བྱེད་ཚེ་སྤི་ཏིའི་སྐད་རྒྱག་གིན་ལ་ཧིན་དྷིའི་སྐད་དུ་བཤད་འགྲོ་གི་ཡོད་ལ། དེའི་ནང་དུ་དབྱིན་སྐད་སོགས་གཞན་སྐད་གང་ཤེས་བསྲེས་ནས་རང་གི་ཕ་སྐད་ངོ་མི་ཤེས་པའི་གནས་སུ་གྱུར་ཅིང༌། རང་མི་རིགས་ཀྱི་སྐད་ཡིག་ཐད་ཉམས་ཆགས་ཧ་ཅང་གིས་ཆེ། གསུམ། ཆས་གོས་དང༌། གླུ་གཞས་སོགས་སྤི་ཏིའི་ལ་རྒྱབ་ཏུ་གནས་པའི་སྤུ་ཧྲེང་བ་དང་གཅིག་གྱུར་ཡིན་པ་མ་ཚད། སྤི་ཏི་ནི་སྤུ་ཧྲེང་དང་ཁད་ཉེ་བས་ཕན་ཚུན་སྤུན་ཉེའི་འབྲེལ་ལམ་ཐོག་དུས་ད་ལྟའང་ཕར་འགྲོ་ཚུར་འོང་ཡོད་ལུགས་དགྲ་ལྷ་དར་རྒྱས་ལགས་ཀྱིས་གསུངས། འོན་ཀྱང༌། སྤི་ཏི་བའི་ཆས་གོས་ནི་སྤུ་ཧྲེང་དང་གནམ་ས་གོ་ལྡོག་གམ། དབྱར་དགུན་དུས་གཅིག་ཏུ་བརྗེས་སོང་བ་ལྟ་བུ་ཞིག་ཏུ་གྱུར་ཟིན་པ་མ་ཚད། བུ་མོ་མང་པོ་ཞིག་རྒྱ་གར་མི་རིགས་ཀྱི་ལུགས་སྲོལ་ལྟར་རྣ་རྩེ་ལའང་ཁུང་འབུགས་རྒྱན་འདོགས་བྱེད་སྲོལ་སོགས་མང་ཞིང༌། རྒྱང་ནས་བལྟས་ན་རྒྱ་གར་བའི་བུ་མོ་ཞིག་མཐོང་སྣང་ལས། རང་གི་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཞིག་མཇལ་བའི་ཚོར་སྣང་མི་ཡོང་ལ། མང་པོས་རང་གི་ཕ་སྐད་ཀྱི་ཐོག་ནས་བཏགས་པའི་རང་མིང་གིས་མ་ཚིམས་པའི་མངོན་རྟགས་ཀྱིས། རྒྱ་གར་སྐད་ཀྱི་ཐོག་ནས་རང་མིང་གསར་འདོགས་སོགས་ཀྱིས་མི་རེ་རེ་ལ་མིང་གཉིས་རེ་དང༌། ཡང་ན་རང་མིང་ཕྱེད་ཀ་རང་སྐད་དང༌། ཕྱེད་ཀ་རྒྱ་གར་གྱི་མིང་བཏགས་པ་དེ་འདྲའང་མ་འཚོལ་དངོས་མཐོང་ལ་འདུག འདིའི་ཐད་ལ། སྔོན་མ་པཎ་ཆེན་བཅུ་པ་མཆོག ངའི་ཕ་ཡུལ་དང་ཁད་ཉེ་ས་ཞིག་ན་ཕེབས་དུས། སྐུ་རླུང་དང་ཐུགས་ཚབ་ཆེན་པོས་ངང་ནས། ཡུལ་འདིར་མི་ཤེས་པ་གསུམ་སྟེ། ཆོས་པས་ཆོས་མི་ཤེས་པ་དང༌། ཞིང་པས་ཞིང་ལས་མི་ཤེས་པ། བཟོ་པས་བཟོ་མི་ཤེས་པ་གསུམ་ཞེས་གསུངས་ཡོད་ཅེས་པའི་བཀའ་སློབ་དེ་ཉིད་རྗེས་དྲན་ལ་ཡང་ཡང་བཏང་འོང༌། ༈ འདི་བཞིན་རང་ཉིད་ཀྱི་ཚོར་སྣང་གཅིག་པུ་མ་ཡིན་པར་སྤི་ཏི་བའི་མི་ཆེན་མང་པོ་ཞིག་དང༌། རང་གི་གནའ་བོའི་སྲོལ་རྒྱུན་བཟང་པོ་ལ་དུང་ཞེན་ཟབ་པའི་མི་སྣའི་ཚོར་འདུ་དང་བཅས་པ་འཐུས་ཏེ་འགྲེལ་བ་ལགས་སོ། ། ༈ བསམ་གཞིག་འགྲན་བསྡུར་ལ་བཏང་ན། ཨ་རི་ལ་ལྷགས་པའི་རྒྱ་མིའི་མི་རིགས་མང་པོ་ཕྱོགས་འཛོམས་ཆིག་བསྒྲིལ་གྱིས། ཨ་རི་ལ་རྒྱ་མིའི་གྲོང་ཁྱེར་(Chinese Town)ཞེས་པའི་ཁ་བྱང་འོག སྐད་ཡིག་དང་ཆས་གོས། མདོར་ན་ཡུལ་སྲོལ་གོམས་གཤིས་ཚང་མ་རྒྱ་ནག་གི་ཡུལ་དུ་ཡོད་པ་ལྟར་བྱེད་ཀྱི་ཡོད་པས། རྒྱ་ནག་ཏུ་འགྲོ་མྱོང་ཡོད་མཁན་མི་སུ་འདྲ་ཞིག་ཨ་རི་ལ་རྟེན་གཞི་བྱས་པའི་རྒྱ་མིའི་གྲོང་ཁྱེར་(Chinese Town)ཟེར་བར་སོང་ན། ཨ་རི་ལ་སླེབས་པའི་ཚོར་སྣང་མེད་ཅིང༌། རྒྱ་ནག་གི་གྲོང་ཁྱེར་བྱེ་བྲག་པ་ཞིག་ཏུ་སླེབས་སྡོད་པའི་ཚོར་སྣང་སྟེར་གྱི་འདུག་ཟེར། འོན་ཀྱང༌། སྤི་ཏི་ནི་ལོ་ངོ་སྟོང་ཕྲག་སྔོན་ནས་ས་གནས་འདིར་ས་སྐྱེས་རྡོ་སྐྱེས་ལྟ་བུ་ཞིག་ཡིན་ནའང༌། ད་ལྟ་ཆོས་དང༌། སྐད་ཡིག ཆས་གོས་སོགས་ཡུལ་སྲོལ་གོམས་གཤིས་གང་གི་ཐད་ལའང་ཕལ་ཆེར་ཆས་ལ་ཉེ་བའི་མགྲོན་པོ་ལྟར་གྱུར་སོང༌། དེ་ནི་སྐད་ཡིག་དང་ཆས་གོས་སོགས་ཡུལ་སྲོལ་གོམས་གཤིས་ཀྱི་སྐྱོན་མིན་གྱི། རང་ཅག་མི་རིགས་ཀྱི་ཁྱད་པར་ཞིག་མིན་ནམ་སྙམ་མོ། ། ༈ ཁོ་བོས་འདི་ནས་ལོ་རྒྱུས་ཀྱི་ཕྱི་ཚུལ་ལ་གང་བཟང་བཟང་དང༌། སྙན་ཆ་ཆེ་ཆེ་ལ་གཞག་ན་བསམ་མེད་ལ་ལ་དགའ་མགུ་ལ་བསྐྱོད་སྲིད་ཀྱང༌། དངོས་བདེན་གྱི་གནས་ལུགས་དང༌། དངོས་བདེན་གྱི་གནས་ལུགས་ལ་ཚོར་ཤ་ཆེ་བའི་མི་སྣ་ཁག་གི་གསུང་མོལ་དེ་དག་ལ་གཞིར་བྱས་ཏེ་མ་འགྲེལ་ན། རང་ཉིད་ཀྱིས་བྲིས་པའི་ཡིག་ཚོགས་ནི་ངལ་བ་དོན་མེད་དུ་འགྱུར་ངེས་པ་དང༌། གཞན་ཡང༌། ཤ་ཚ་བའི་ཁ་ནས་གཏམ་སྙན་མེད་ཅེས་པ་ལྟར། རང་ཉིད་ཀྱི་སྙིང་དབུས་ན་ཚོར་བ་སྐྱུར་མོ་གང་སྟེར་བ་དེ་དག་ཐད་བརྗོད་དུ་བྱས་ན། རང་གི་ཡབ་མེས་ནས་བརྒྱུད་པའི་རིག་གཞུང་བཟང་པོ་དེ་དག་ཉམས་པ་སླར་གསོ་དང༌། མ་ཉམས་པ་ལ་ཅུང་ཟད་རྒྱུན་སྲིང་ཐུབ་པའི་ཕན་ཆར་བསྒོམས་པ་ལགས་སོ།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
སྤི་ཏི་ནས། ངག་དབང་བྱམས་པས།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 2

Leave a Reply